US Agency for Global Media

News and Information from Around the World

Active filters Source: Rfa Tibetan Rss
Clear all
18 Aug 2026, 16:12 GMT བདེ་སྐྱིད་ཀུན་སྒྲོལ།

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་བསྩལ་དོན་བཞིན་ཟླ་ ༨ ཚེས་ ༡༨ ཉིན་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་ཁྲི་འདོན་མཛད་སྒོ་གནང་སོང་བ་དང་། ཡང་སྟེང་རིན་པོ་ཆེ་མཆོག་གིས། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་སྔར་ལྷག་སྒྲུབ་ཐུབ་རྒྱུ་དང་། གང་ལྟར་བླ་མ་དབུ་མཛད་བྱས་ཏེ། བསྟན་པ་དང་འགྲོ་བ་སྤྱིའི་ཆེད་དུ་དང་། བོད་བསྟན་པ་ཆབ་སྲིད། རྒྱུད་པ་གྲྭ་ཚང་། རི་བོ་དགེ་ལུགས་པའི་ཆེད་དུ་ངས་གང་བྱེད་ཐུབ་པ་འདུག་ཅེས་བསམ་བློ་གཏོང་རྒྱུ་དེ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁྲི་འདོན་མཛད་སྒོའི་སྐབས། ༢༠༢༦།༠༨།༡༨ (RFA Tibetan) དེ་སྔ་ཡང་སྟེང་རིན་པོ་ཆེ་མཆོག་གི་རིན་པོ་ཆེའི་རྒྱུད་པ་ལ་ཚུལ་ཁྲིམས་ཕུལ་ཏེ་དགེ་རྒན་གནང་མྱོང་བ། རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་སྔགས་རམས་པ་ཐུབ་བསྟན་ཤེས་རབ་ལགས་ཀྱིས། ༧རྒྱལ་དབང་སྐུ་ཕྲེང་བཅུ་བདུན་པའི་དུས་སྐབས་སུ་དགེ་བཤེས་ལྷ་རམས་པ་ཡིན་པ་གང་ཞིག་ལ་ལྷ་རམས་པ་རྩེ་ཕུད་རྣམས་བླ་མ་དབུ་མཛད་གནང་ཐུབ་པའི་སྲོལ་འགོ་ཚུགས་ཤིང་། དེ་ནི་དགའ་ལྡན་ཁྲི་པར་ཕེབས་རྒྱུའི་ལམ་ཁ་སྒོ་དང་པོ་དེ་རེད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། ཡང་སྟེང་རིན་པོ་ཆེ་མཆོག་ནི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་རྩེ་ཕུད་གྲས་ཤིག་ཆགས་ཡོད་པ་དང་། རྒྱུད་པར་སྔགས་ཀྱི་སློབ་གཉེར་གནང་བ་མ་ཟད་སྔགས་ཀྱི་རྩོད་རྒྱུགས་སྐབས་སུ་རིན་པོ་ཆེ་ཨང་དང་པོ་རེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། རིན་པོ་ཆེ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དྭང་ལེན་གནང་སྐབས། ༢༠༢༦།༠༨།༡༨ (RFA Tibetan) སྤྱིར་བླ་མ་དབུ་མཛད་ནི། མདོ་སྔགས་གཉིས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་འོས་ཆོས་ཚང་བའི་འོས་མིའི་ལོ་རྒྱུས་དང་བཅས་པ་དགའ་ལྡན་ཁྲི་ཐོག་ཁང་ལ་ཕུལ་ཏེ། དེ་ནས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་ཀྱིས་འདེམས་སྒྲུག་གིས་མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འོས་ཤིང་འཚམ་པའི་གང་ཟག་དེར་ཕྱག་རྟགས་སྩལ་གནང་གི་ཡོད་པ་རེད་འདུག བླ་མ་དབུ་མཛད་ནི་ཆོས་ཕྱོགས་ཀྱི་འགན་ཙམ་མ་ཡིན་པར་གྲྭ་ཚང་གི་ཕྱི་ནང་གི་འདུལ་བ་ཀུན་སྤྱོད། དགེ་འདུན་པའི་ནང་ཁྲིམས་དང་གྲྭ་ཚང་གི་སྒྲིག་གཞི། ཆོ་ག་ཕྱག་ལེན་དང་བསླབ་པ་སློབ་གཉེར་སོགས་ཕྱི་ནང་གཉིས་ཀར་སྤྱི་ཡོངས་ཀྱི་འགན་འཁུར་བཞེས་དགོས་ཤིང་། མཁན་རིན་པོ་ཆེ་ནི་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནའི་ཐུགས་འགན་བཞེས་ཀྱི་ཡོད་པ་རེད་ཅེས་དགེ་བཤེས་སྔགས་རམས་པ་ཐུབ་བསྟན་ཤེས་རབ་ལགས་ཀྱིས་གསུངས་བྱུང་། ༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༧༩ ལོར་བོད་ཁམས་འདབ་པར་འཁྲུངས་ཞིང་། ཕྱི་ལོ་ ༡༩༩༠ ལོར་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་སེར་སྨད་མཐོ་སློབ་ཏུ་གྲུབ་མཐའ་དང་གཏན་ཚིགས་རིག་པ། འདུལ་བ་དང་མངོན་པའི་སྡེ་སྣོད་སོགས་ལ་སློབ་སྦྱོང་གནང་རྗེས། ཕྱི་ལོ་ ༢༠༠༥ ལོར་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་བྱུང་ཡོད་པ་རེད། དེ་རྗེས་ལོ་གཉིས་རིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སློབ་སྦྱོང་གནང་སྐབས་སུ། རེ་སྐུལ་གནང་དོན་བཞིན་༸རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཞབས་གནང་ཡོད་ཅིང་། ཕྱི་ལོ་ ༢༠༠༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མངགས་ལྟར་སྐུ་སྒེར་ཡིག་ཚང་དུ་གྲྭ་བཙུན་གྱི་སྡོམ་པ་འབོག་སྩོལ་དང་༸གོང་ས་མཆོག་གི་གསུང་འཕྲིན་དང་རྩོམ་བྲིས་རྣམས་ཕྱོགས་སྒྲིག་གནང་རྒྱུ་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་མུས་ཡིན་པ་རེད་འདུག ༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་ཐེངས་འདིར་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་པ་དང་ལྷན། མུ་མཐུད་དགའ་ལྡན་ཕོ་བྲང་གི་དྲུང་ཆེའི་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད་འདུག པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
16 Aug 2026, 20:19 GMT འཕྲིན་ལས་ཆོས་སྒྲོན།

མི་རབས་གསུམ་གྱིས་མཉམ་ཞུགས་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་གོམ་བགྲོད་གནང་སོང་།

Download original video Download metadata bundle
Video
Credit: འཕྲིན་ལས་ཆོས་སྒྲོན།
16 Aug 2026, 20:19 GMT འཕྲིན་ལས་ཆོས་སྒྲོན།

ཨ་མ་དང་། བོུ། ཚ་མོ་བཅས་མི་རབས་གསུམ་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་གོམ་བགྲོད་ནང་སྐལ་བཟང་མཐར་ཕྱིན་ལགས་ཀྱི་ཀ་ཁ་ག་ངའི་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་སོང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་བ་ངོ་མར་ཐུགས་ཀྱི་ཡོད་པ་དེ་ཉིད་གཅེས་འཛིན་དང་མི་ཉམས་རྒྱུད་འཛིན་བྱེད་པའི་སྐུལ་མ་གཏོང་ཆེད་སྐལ་བཟང་མཐར་ཕྱིན་ལགས་ཕྱི་ཟླ་ ༧ ཚེས་ ༡༥ ནས་འགོ་འཛུགས་ཀྱིས་རྡ་ས་ནས་ལ་དྭགས་དབར་ཞི་བའི་གོམ་བགྲོད་ཞིག་གནང་ཡོད་པ་དང་ཁོང་ལ་དྭགས་སུ་འབྱོར་རྗེས་ཕྱི་ཚེས་ ༡༤ ཉིན་ལ་དྭགས་ཉེ་མོ་ཡུལ་ནས་སླེ་ཕྱོགས་སུ་གོམ་བགྲོད་གནང་བའི་སྐབས་སུ་བོད་མི་དང་ལ་དྭགས་པ་ཁྱོན་མི་གྲངས་ ༡༠ ཙམ་གྱིས་མཉམ་ཞུགས་གནང་པའི་ཁྲོད་བོད་པའི་བུད་མེད་ཨ་མ་དང་བུ་མོ། ཡང་ཚ་མོ་བཅས་མི་རབས་གསུམ་གྱིས་མཉམ་བཞུགས་གནང་སོང་། སྐལ་བཟང་མཐར་ཕྱིན་ལགས་ཀྱིས་ཀ་ཁ་ག་ངའི་གོམ་བགྲོད་ནང་ལ་དྭཊ་ནས་མི་རབས་གསུམ་གྱིས་མཉམ་ཞུགས་གནང་པ། ༢༠༢༦།༨།༡༥ (RFA Tibetan) དེ་ཡང་བོད་མི་སུ་ཞིག་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་ཡོད་ན་འཐབ་རྩོད་པ་ཞིག་ཡིན་པ་ཕ་མས་རང་གི་བུ་ཕྲུག་ལ་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་དང་ད་རེས་བསྟན་འཛིན་དཔལ་ལྡན་ལགས་རང་གི་བུ་མོ་ཟླ་བ་ ༩ ཙམ་ལས་མིན་པར་ཁ་གྲགས་ཐུབ་ཀྱི་མེད་ན་ཡང་ཁོང་ཆེན་པོ་ཆགས་ཏེ་ན་སོན་ལོན་སྐབས་རང་གི་ཨ་མས་དེ་འདྲའི་སོ་སོའི་སྐད་ཡིག་གཅེས་སྲུང་གི་གོམ་བགྲོད་ཞིག་ལ་ཁྲིད་འདུག་ཟེར་བའི་བསམ་བློ་ཞིག་འཁོར་ན་བསམ་པའི་ལས་འགན་སྤྲོད་ཆེད་དུ་ཁྲིད་ཡོད་པ་ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་དོན་དུ་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་ན་ཡང་མང་པོ་ཞིག་གིས་སྐད་ཡིག་གི་རིན་ཐང་དེ་ལ་དོ་སྣང་སྤྲད་རྒྱུ་དེ་འཚེམས་ལུས་སུ་འགྲོ་ཡི་ཡོད་པའི་ཚོར་སྣང་ཡོད་པ་དང་། ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོ་སོའི་སྐད་ཡིག་དེ་བཞིན་ག་ཚོད་གལ་ཆེན་པོ་ཡིན་པའི་ཐོག་ཡང་ཡང་བཀའ་སློབ་བསྩལ་ཡོད་པ་དེར་གལ་གནད་དུ་བརྩིས་ཏེ་ད་ལེན་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་དེ་གནང་ཡིན་ཞེས་གསུངས་བྱུང་། ཡང་བོད་ནང་གི་གནས་སྟངས་ལ་བལྟས་རྗེས་ང་ཚོ་རང་དབང་ལུང་པའི་ནང་མི་ལུས་ཐོབ་སྟེ་ཡོད་པ་ཚོར་ངས་ཅི་བྱེད་ཐུབ་ཀྱི་རེད་ཟེར་ནས་དུས་རྒྱུན་དུ་བསམ་བློ་འཁོར་གྱི་ཡོད་པ་དང་། དུས་ནས་དུས་སུ་བོད་དོན་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་གནང་དུས་སེམས་ཤུགས་དེ་བཞིན་མང་དུ་འཕར་གྱི་ཡོད་པ་ཕུན་ཚོགས་སྒྲོལ་མ་ལགས་ཀྱིས་གསུངས་བྱུང་། ལ་དྭགས་ཟངས་དཀར་ཡུལ་ལྗོངས་ཀྱི་གཞོན་སྐྱེས་མང་ཆེ་བ་ཞིག་བོད་པའི་སློབ་གྲྭ་ནང་སློབ་སྦྱོང་གནང་རྗེས་འཚར་ལོང་བྱུང་ཡོད་དུས་བོད་པ་ཚོར་སྐྱིད་སྡུག་ཅི་ཞིག་ཕྲད་ན་ཡང་ང་ཚོ་མཉམ་མྱོང་བྱེད་རྒྱུ་དེ་བཀའ་དྲིན་རྗེས་དྲན་བྱེད་པ་ཞིག་ཚོར་གྱི་ཡོད་པ་ལ་དྭགས་ཟངས་དཀར་ལྗོངས་ནས་ཡིན་པ་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་སྐལ་བཟང་མཐར་ཕྱིན་ལགས་དང་མཉམ་གོམ་བགྲོད་ལ་ཕེབས་པའི་དགོས་དོན་ལ་འགྲེལ་བརྗོད་གནང་བྱུང་། དེ་ཡང་ཁོང་གིས་ཐོག་མ་གོམ་བགྲོད་ནང་འགྲོ་རྒྱུའི་སྐོར་རང་གི་ཕ་མར་གཤོད་སྐབས་ཕ་མ་རྣམས་གཉིས་ཀ་སེམས་ཕྲལ་བྱེད་དུས་ཁོང་སྒེར་གྱི་མི་ཚེར་བོད་པའི་སྤྱི་ཚོགས་ཇི་འདྲ་བཀའ་དྲིན་ཆེན་པོ་ཡིན་སྐོར་གསུངས་དུས་ཕ་མས་ཁོང་གིས་གོམ་བགྲོད་གནང་རྒྱུ་དེར་ངོས་ལེན་གནང་ཡོད་པ་གསུངས་བྱུང་། གོམ་བགྲོད་པ་ཀུན་ལ་དྭགས་རྒྱལ་ས་སླེ་ཕྱོགས་ལ་ཕེབས་པའི་ཕེབས་ལམ་དུ་བོད་པ་དང་ལ་དྭགས་པའི་ཚོགས་སྒེར་མང་པོས་ཁོང་ཀུན་ལ་ཕེབས་བསུའི་བསྣེ་ལེན་གྱིས་མཇལ་དར་འབུལ་རྒྱུ་དང་གསོལ་ཇ། ཞལ་ལག་སོགས་ཕུལ་གནང་ཡོད་པ་རེད། འཐུང་ཆུའི་འགྱིག་དམ་སྟེང་ང་བོད་པ་ཡིན་ཞེས་བཀོད་དེ་ཚོང་འགྲེམས་འགོ་འཛུགས་ཀྱིས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུ་བཞིན་པ། འཐུང་ཆུའི་འགྱིག་དམ་སྟེང་ང་བོད་པ་ཡིན་ཞེས་བཀོད་དེ་ཚོང་འགྲེམས་འགོ་འཛུགས་ཀྱིས་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་ཞུ་བཞིན་པ། པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན་དང་། པདྨ་དངོས་གྲུབ།

Download metadata bundle
16 Aug 2026, 15:57 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་ནག་གིས་བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་གི་འདུག བོད་དམག་ཁུལ་ཁང་གི་འབྱུང་བ་བརྗོད་པ་ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། ཉམས་ཞིབ་པས་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། རྒྱ་ནག་རང་ཉིད་ཀྱི་དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་ཐེབས་སྲིད་པ་ངོས་འཛིན་གནང་གི་འདུག ཉམས་ཞིབ་ཀྱི་གྲུབ་དོན་སྙན་ཐོའི་ནང་། བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་པ། (RFA Tibetan) བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་ཕན་ཐོགས་ལགས། དེ་བཞིན་བློ་བཟང་བཀྲ་ཤིས་ལགས་གསུམ་ཐུན་མོང་གིས། བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ (A Historical Development of the Tibet Military District and China’s Military Infrastructure in Tibet) ཞེས། རྒྱ་ནག་གི་དམག་སྲིད་ཁྱབ་ཁོངས་ལས་བོད་དམག་ཁུལ་ཁང་གི་བྱུང་བ་དང་དེའི་དམག་སྲིད་ཀྱི་སྒྲིག་གཞིའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་དམག་ཁུལ་ཁང་བཙུགས་པའི་དགོས་དམིགས། བོད་ནང་དམག་དོན་ཆེད་འཛུགས་སྐྲུན་ཇི་ལྟར་བྱས་ཡོད་མེད་བཅས་ཀྱི་སྐོར་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། བོད་ནང་ད་ལྟའི་ཆེས་གདུག་རྩུབ་ཆེ་བའི་གནས་སྟངས་ཀྱི་འགན་ཆ་ཚང་བོད་དམག་ཁུལ་ཁང་ལ་ཡོད་ཅིང་། དེས་མ་འོངས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལའང་དོ་ཕོག་སྲིད་པའི་སེམས་ཚབས་གསལ་སྟོན་གནང་གི་འདུག དེ་ཡང་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། བོད་ནང་གི་དམག་དོན་དང་འབྲེལ་བའི་སྙན་ཐོ་དཀོན་པོ་ཞེ་དྲགས་ཡིན་དུས་ཉམས་ཞིབ་ཀྱི་སྟོང་ཆ་བསྐང་ཆེད་དང་ཞིབ་འཇུག་གི་རྨང་གཞི་གཏིང་ཆེད་དུ་ཡིན་ཞེས་དང་། གལ་ཆེ་ཤོས་ནི་རྒྱ་མིས་བོད་ལ་བཙན་འཛུལ་བྱས་པ་ཚང་མས་ཤེས་ཀྱི་ཡོད་ཀྱང་། བརྒྱབ་ཏུ་ལས་དོན་གཉེར་མཁན་གཙོ་བོ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་སྒྲིག་འཛུགས་དེ་ཡིན་པས། ཕྱི་ལོ་༡༩༥༩ ནས་བཟུང་བོད་ནང་དུ་བོད་མི་རྣམས་ཀྱི་ཞི་བའི་ལས་འགུལ་མང་དག་ཅིག་བརྩམས་ཡོད་པ་དེ་དག་ལ་གཉའ་གནོན་བྱེད་མཁན་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཡིན་དུས། བོད་ནང་གཉའ་གནོན་རབ་རིམ་བྱུང་བཞིན་པ་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ལ་མཐར་ཐུག་གི་འགན་ཡོད་པ་ཞིག་ཡིན་པ་ར་སྤྲོད་དང་ཐེར་འདོན་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་པ། (RFA Tibetan) མ་ཟད་ཁོང་གིས། མདོར་ན་བོད་དེ་རྒྱ་ནག་གིས་བཙན་འཛུལ་ཙམ་མ་ཡིན་པར་བོད་དེ་རྒྱ་ནག་གཞུང་གི་དམག་གི་སྟངས་འཛིན་འོག་ལ་གནས་བཞིན་ཡོད་པ་གསལ་སྟོན་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཁྲིམས་དང་འབྲེལ་བའི་ཐོག་ནས་བཤད་ན་དམག་གིས་སྤྱི་ཚོགས་ལ་ཐེ་བྱུས་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ཅིང་། བོད་ནང་རྒྱ་ནག་གི་དམག་གི་རྟེན་གཞི་དང་། གནམ་ཐང་། མེ་འཁོར་ལྕགས་ལམ་སོགས་མང་པོ་འཛུགས་སྐྲུན་བྱེད་བཞིན་པ་ནི་མ་འོངས་རྒྱ་ནག་རང་ཉིད་ཀྱི་དམག་གི་ཁེ་ཕན་སྒྲུབ་ཆེད་ཡིན་པས། བོད་ནང་དམག་གི་རྟེན་གཞི་མང་པོ་བཙུགས་པ་དེས་རྒྱ་གར་གཙོས་པའི་ཨེ་ཤེ་ཡ་ནང་གི་རྒྱལ་ཁབ་མང་པོར་འཐབ་བྱུས་དང་བདེ་སྲུང་ཐོག་ནས་དོ་ཕོག་འགྲོ་སྲིད་པ་དང་ཉེན་ཁ་བཟོ་སྲིད་པས། རྒྱལ་ཁབ་གཞན་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཆེད་དུ་བྲིས་པ་ཞིག་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཡང་ཉམས་ཞིབ་པ་བློ་བཟང་བཀྲ་ཤིས་ལགས་ཀྱིས། ད་བར་བཙན་བྱོལ་ནང་བོད་དམག་ཁུལ་ཁང་དང་རྒྱ་ནག་གི་དམག་སྲིད་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་བྱས་པ་ཉུང་ཤས་ཤིག་ཡིན་པར་བརྟེན། སྙན་ཐོ་དེའི་བརྒྱུད་རྒྱ་ནག་གཞུང་ལ་དམག་སྲིད་ཀྱི་གནད་དོན་དེ་གལ་ཆེ་ལོས་ཡིན་པའི་སྐོར་གོ་རྟོགས་སྤེལ་ཆེད་དང་། ལྷག་པར་བཙན་བྱོལ་ནང་བོད་ནང་གི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྤྱིའི་ཐོག་སྙན་ཐོ་འདོན་སྤེལ་བྱེད་བཞིན་པ་སོགས། སྤྱི་ཡོངས་ཀྱིས་བོད་ནང་གི་གནས་སྟངས་ལ་འགྱུར་བ་གང་འདྲ་འགྲོ་བཞིན་ཡོད་པ་ནི་བོད་དམག་ཁུལ་ཁང་ལ་འབྲེལ་བ་ཆེ་ཤོས་ཆགས་ཀྱི་ཡོད་པ་དེ་གསལ་སྟོན་བྱེད་ཆེད་དུ་ཡིན་ཞེས་གསུང་གི་འདུག དམག་སྲིད་ཁྱབ་ཁོངས་ཀྱི་གཡུལ་འགྱེད་ས་ཁུལ་ལྔ་སྟོན་པའི་ས་ཁྲ། (RFA Tibetan) བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ཞེས་པའི་དཔེ་དེབ་ཀྱི་ཆེད་བརྗོད་དུ་ཉམས་ཞིབ་པས། བོད་ནི་རྒྱ་ནག་གི་དམག་དོན་འཐབ་བྱུས་ཀྱི་ཆ་ནས་གལ་གནད་ཅན་གྱི་ས་ཁུལ་དུ་གྱུར་ཞིང་། དེ་ལས་ཐོན་པའི་གཏེར་རྫས་དང་ནུས་ཁུངས་སོགས་ནི་རྒྱ་ནག་གཞུང་གི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས། རྒྱ་ནག་གཞུང་གིས་བོད་དུ་དམག་དོན་སྲིད་བྱུས་དང་འཛུགས་སྐྲུན་སོགས་བོད་ཀྱི་སྣོད་བཅུད་ལ་གནོད་པའི་ལས་རིགས་ཡོངས་ལ་ཉམས་ཞིབ་དང་ཐེར་འདོན་བྱ་རྒྱུ་ནི་ང་ཚོས་ལྷོད་དབྱིངས་སུ་གཏོང་མི་ཉན་པའི་འགན་འཁྲི་ཆེན་པོ་ཞིག་རེད་ཅེས་བཀོད་འདུག བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
16 Aug 2026, 14:33 GMT འཕྲིན་ལས་ཆོས་སྒྲོན།

ལ་དྭགས་དགོན་པ་ཡུལ་གྱི་སྟོན་པའི་སྐུ་ལ་རབ་གནས་དང་མཆོད་རྟེན་ལ་གནས་གཟིགས་མཛད་པ།

Download original video Download metadata bundle
Video
Credit: འཕྲིན་ལས་ཆོས་སྒྲོན།
16 Aug 2026, 14:33 GMT འཕྲིན་ལས་ཆོས་སྒྲོན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ལ་དྭགས་དགོན་པ་ཡུལ་གྱི་གནས་གསེར་ཁང་དུ་བཞུགས་པའི་སྟོན་པའི་སྐུ་ལ་རབ་གནས་བསྩལ་གནང་སོང་། ༧གོང་ས་མཆོག་གིས་ལ་དྭགས་དགོན་པ་ཡུལ་གྱི་སྟོན་པའི་སྐུ་ལ་རབ་གནས་མཛད་པ། ༢༠༢༦།༨།༡༦ (RFA Tibetan) སྟོན་པའི་སྐུ་དེ་བཞིན་བཞུགས་སའི་ས་ཆ་དེ་ཉིད་སྔོན་མ་ལོ་རྒྱུས་ནང་ལོ་རྩ་བ་རིན་ཆེན་བཟང་པོ་ཕེབས་ས་ཞིག་ཡིན་པ་དང་དེར་མཆོད་རྟེན་རྙིང་པ་མང་པོ་ཡོད་པའི་གནས་ས་རྩ་ཆེན་ཞིག་ཡིན་པ་དང་། ཡུལ་དེ་ཉིད་དགོན་པའི་དབྱིབས་གཟུགས་སུ་འདྲ་བར་ཡོད་པས་དགོན་པ་ཞེས་འབོད་ཀྱི་ཡོད་པ་དགེ་བཤེས་བློ་བཟང་ལྷུན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཡང་སྟོན་པའི་སྐུ་དེའི་གཟུངས་འཇུག་གཙོ་བོར་ཨིནཆ་བཅུ་ཅན་གྱི་སྟོན་པའི་སྐུ་ཞིག་དང་བྱིན་རྟེན། ཡང་ཚ་ཚ་མང་པོ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱག་བཟང་པོ་ནས་བསྩལ་ཡིན་པ་དེ་བཞུགས་ཡོད་པ་དགེ་བཤེས་ལགས་ཀྱིས་ངོ་སྤྲོད་གནང་བྱུང་། ལ་དྭགས་དགོན་པ་ཡུལ་དུ་ཡུལ་མི་ཚོས་ཡུལ་གྱི་ཆས་གོས་གྱོན་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་པ། ༢༠༢༦།༠༨།༡༦ (RFA Tibetan) དགོན་པ་ཡུལ་ནས་ཡིན་པ་ཌོག་ཌར་རམ་ཟན་ཨ་ལི་ཞུ་བའི་ཁ་ཆེའི་ཡུལ་པ་ཁོང་གིས་དེ་རིང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་་ཕེབས་བསུ་ཞུ་རྒྱུ་བྱུང་བར་སྐྱིད་པོ་བྱུང་ཡོད་པ་དང་༧རྒྱལ་བ་རིན་པོ་ཆེས་ཆོས་ལུགས་ཚང་མ་གཅིག་ལ་ངོས་འཛིན་གནང་གི་ཡོད་པ། ཡང་སུ་ཞིག་ལ་དབྱེ་བ་ཕྱེ་གནང་གི་མེད་པ་དང་། འཛམ་གླིང་ཞི་བདེའི་ཐོག་ལ་བྱ་དགའ་ཞེས་མཁན་ཞིག་ཡིན་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུ་རྒྱུ་དེ་ཁོང་ཚོའི་ཕ་རེས་སམ་ལས་འགན་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས་བྱུང་། ཡང་༧སྐུ་མདུན་དགོན་པ་ཡུལ་དུ་ཕེབས་པའི་སྙན་ཞུ་གསོལ་འདེབས་ཞུ་མཁན་དང་ལ་དྭགས་གཙོ་གཞུང་མངའ་སྡེའི་འཛིན་སྐྱོང་རེད། ཡང་ཡུལ་བ་ཚང་མས་ལྟ་བ་བཟང་པོ་ཞིག་འཁྱེར་བའི་ཐོག་ནས་ལས་ཀ་བྱེད་པ་ཁོང་རྣམས་ཀྱིས་དེ་རིང་་དམིགས་ཡུལ་སྒྲུབ་ཡིན་པ་དགོན་པ་ཡུལ་གྱི་འགོ་བ་པདྨ་བཀྲིས་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་བྱུང་། ༧གོང་ས་མཆོག་ལ་དྭགས་དགོན་པ་ཡུལ་དུ་༧ཞབས་སོར་འཁོད་པའི་སྐབས། ༢༠༢༦།༨།༡༦ (RFA Tibetan) ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགོན་པ་ཡུལ་དུ་ཆིབས་སྒྱུར་བསྐྱངས་པ་དེ་ལ་དྭགས་པ་ཚང་མའི་ཆེད་དུ་བཀྲ་ཤིས་བདེ་ལེགས་བྱུང་ཡོད་པ་དང་སངས་རྒྱས་བཀའ་དྲིན་ཅན་གྱི་སྐུ་འདི་སླེ་གང་པོར་འཇལ་གྱི་ཡོད་པ་དེར་སྐུ་མདུན་ཕེབས་པར་ལ་དྭགས་གང་པོ་ལ་བྱིན་རླབས་འཇུག་པའི་སྐོར་ཡུལ་གྱི་འགོ་པས་མུ་མཐུད་གསུངས་བྱུང་། ལ་དྭགས་དགོན་པ་ཡུལ་གྱི་ཡུལ་མི་ཀུན་ནས་ཐོག་མ་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་ལ་གསོལ་འདེབས་ཞུས་རྗེས་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་སྟོན་པའི་སྐུ་འདི་བཞེངས་པ་ཞིག་རེད་འདུག དབྱར་ཆོས་ཆེན་མོར་ཆིབས་སྒྱུར་བསྐྱང་གཏན་འཁེལ་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༢༦ ཕྱི་ཟླ་ ༨ ཚེས་ ༡༥ ཉིན་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་སྤྱི་ལྷན་ཚོགས། ལ་དྭགས་འཇམ་དབྱངས་སློབ་གྲྭའི་སྐུ་ཚབ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་ ༡༣ དེ་བཞིན་ལ་དྭགས་འཇམ་དབྱངས་སློབ་གྲྭར་ཚོགས་གཏན་འཁེལ་ཡོད་པ་བཞིན་དེ་དུས་༧མགོན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་བསྩལ་གནང་འདུག ༧གོང་ས་མཆོག་ལ་ལ་དྭགས་དབྱར་ཆོས་ཆེན་མོར་ཆིབས་སྒྱུར་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་འདི་ལོ་དང་ ༢༠༢༧ ལོར་ཡང་ཆིབས་སྒྱུར་གནང་རྒྱུར་གསོལ་འདེབས་ཞུས་འདུག དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཅི་གསུང་བཀའ་སྒྲུབ་ཞུ་བར་ལ་དྭགས་ཀྱི་དགོན་པ་ཅིག་པོ་མིན་པར་སྤྱི་ཚོགས་ཡོངས་སུ་རིགས་ལམ་གཙོ་བོ་བྱེད་ནས་སི་ཤེས་ཡོན་ལ་སོགས་ཀྱི་ཐོག་ལས་རིམ་འདྲ་མིན་སྤེལ་བཞིན་ཡོད་པ་དང་ལོ་རྗེས་མར་ལ་དྭགས་འཇམ་དབྱངས་སློབ་གྲྭར་ལ་དྭགས་ནང་གི་སློབ་ཕྲུག་གཅིག་པུ་མིན་པར་ཕྱི་རྒྱལ་ཡུལ་གྲུ་དང་ལ་དྭགས་རང་གི་གཞོན་སྐྱེས་ཀུན་ལ་སློབ་སྦྱོང་ཕུལ་རྒྱུ་སོགས་ཀྱི་གྲ་སྒྲིག་ཡོད་པ་གསུངས་བྱུང་། སྤྱིར་བཏང་གི་དབྱར་ཆོས་ཆེན་མོ་དེ་བཞིན་ལ་དྭགས་ཀྱི་དགོན་པ་ཁག་འདྲ་མིན་དང་སློབ་གྲྭའི་ནང་གོ་སྒྲིག་ཞུ་སྲོལ་ཡོད་པ་རེད་འདུག ཡང་ལ་དྭགས་རང་གི་ནང་དུ་ཆོས་ལུགས་དབྱེ་བ་མེད་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་མ་ཞུ་མཁན་མེད་པ་དང་མི་མང་ཀུན་ནས་༧མགོན་པོ་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་དུས་དབྱར་ཆོས་ཆེན་མོ་ལ་སོགས་ལས་རིམ་རྒྱུད་ལོ་མང་ནས་མི་མང་ལ་ཕན་ཐོགས་བཞིན་ཡོད་པ་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིར་ལགས་ཀྱིས་གསུངས་བྱུང་། ༧མགོན་པོ་མཆོག་ནས་ལོ་རྗེས་མར་འཇམ་དབྱངས་སློབ་གྲྭར་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་བསྩལ་ཡོད་དུས་ལོ་རྗེས་མར་སླར་ཡང་༧མགོན་པོ་མཆོག་ལ་དྭགས་ལ་ཕེབས་རྒྱུ་ཐུགས་གཏན་འཁེལ་བ་བྱུང་ཡོད་པར་ཚང་མར་དགའ་སྣང་སྐྱེ་དགོས་པའི་གཏམ་ཞིག་ཡིན་པ་ལ་དྭགས་ནང་པའི་ཚོགས་འདུའི་དབུ་སྐྱོང་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་གསུངས་འདུག འདི་ལོའི་དབྱར་ཆོས་ཆེན་མོ་དེ་བཞིན་ལ་དྭགས་མང་སྤྲོད་དགོན་དུ་ཕྱི་ཟླ་ ༨ ཚེས ༢༡ ནས་ ༢༣ བར་འཚོགས་རྒྱུ་ཡིན་པར་ཉིན་གསུམ་པ་སྟེ་ཕྱི་ཚེས་ ༢༣ ཉིན་༧མགོན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ཡོད་པ་རེད།། པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།

Download metadata bundle
15 Aug 2026, 08:57 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་ལ་རང་བཙན་ཐོབ་ཚུལ་དེས་བོད་ལ་རེ་བ་བཅང་སའི་གཞིར་གྱུར་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་གི་འདུག

Download original video Download metadata bundle
Video
Credit: བདེ་སྐྱིད་ཀུན་སྒྲོལ།
15 Aug 2026, 08:57 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་ལ་རང་བཙན་ཐོབ་ཚུལ་དེས་བོད་ལ་རེ་བ་བཅང་སའི་གཞིར་གྱུར་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་གི་འདུག་ལ། བཙན་བྱོལ་བོད་མི་ཁག་ཅིག་གིས་རྒྱ་གར་ནི་བོད་དོན་འཐབ་རྩོད་ཙམ་མ་ཟད་བོད་མི་སྒེར་གྱི་མི་ཚེ་ལའང་བཀའ་དྲིན་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག གཡོན་ནས་གཡས། སྲིད་སྐྱོང་སྤེན་པ་ཚེ་རིང་། ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་། (༢༠༢༦།༨།༡༥ གངས་ཅན་སྐྱིད་གཤོངས།) (RFA Tibetan) རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་ངོ་ ༨༠ འཁོར་བའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་ཞིག་བོད་མིའི་སྒྲིག་འཛུགས་རྟེན་གཞི་བྱེད་སའི་གངས་ཅན་སྐྱིད་གཤོངས་སུ་འཚོགས་སོང་བ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ང་ཚོར་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན་ཞིང་། རྒྱ་གར་གྱི་རང་བཙན་ཐོབ་པའི་ཉིན་མོ་དེས་བོད་མི་རྣམས་ལ་རང་བཙན་མེད་པ་དང་བོད་པ་ཚོར་ཡང་རང་བཙན་འདོད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པས། རྒྱ་གར་ནང་མི་རབས་མང་པོས་རྒྱ་གར་གྱི་རང་བཙན་ཆེད་དུ་དཀའ་ལས་བསྐྱོན་པ་དང་བློས་བཏང་གནང་སྟེ་རྒྱ་གར་རང་བཙན་ཐོབ་པ་དེས་ང་ཚོར་རེ་བ་བཅང་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། བོད་པའི་སྤྱི་ཚོགས་ནང་དུའང་བློས་གཏོང་གནང་བཞིན་པ་རེད། ཉེ་ལམ་བློ་དགའ་ལགས་ཀྱིས་བློས་བཏང་གནང་བ་དེས་འཕྲལ་མ་ཐག་ཏུ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར། ཕུགས་རྒྱང་རིང་པོར་ལོ་རྒྱུས་ཀྱི་དེབ་ཐེར་ནང་ལྷག་རྒྱུ་དང་། ནུས་པ་རང་བཞིན་གྱི་ཐོན་གྱི་རེད་ཅེས་གསུངས་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་པ་དབུ་བཞུགས་ཐོག་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་པ། བཙན་བྱོལ་བོད་མི་ཁག་ཅིག་གིས་ཐེངས་འདིར་བོད་མི་རྣམས་ལ་རྒྱ་གར་གྱི་བཀའ་དྲིན་དྲན་གསོ་གནང་བ་དང་སྦྲགས། རྒྱ་གར་ནི་བོད་ཀྱི་རྩ་དོན་ཙམ་མ་ཟད་བོད་མི་སྒེར་སོ་སོའི་མི་ཚེའི་ནང་དུའང་བཀའ་དྲིན་ཆེན་པོ་ཡིན་པ་གསུང་གི་འདུག རྡ་རམ་ས་ལའི་གངས་སྐྱིད་དུ་རྒྱ་གར་གྱི་རང་བཙན་དུས་ཆེན་སྲུང་བརྩི་ཞུས་པ། ༢༠༢༦།༨།༡༥ (RFA Tibetan) དེ་ཡང་ནང་སྲིད་ལས་ཁུངས་ནང་ཕྱག་ལས་གནང་བཞིན་པ་ཀརྨ་སྒྲོལ་མ་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྣེ་ཁྲིད་པའི་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་སྐབས། སྐབས་དེར་རྒྱ་གར་གཞུང་ནས་སྐྱབས་བཅོལ་གྱི་གནས་བབ་གནང་པ་དང་། བོད་པའི་གཞིས་ཆགས་དང་སློབ་གྲྭ་སོགས་ལོགས་སུ་བཙུགས་རྒྱུའི་གོ་སྐབས་གནང་མེད་ཚེ། བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་ཐུབ་མེད་པས། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་རྒྱ་གར་དུ་མཉམ་གནས་ཐོག་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་ཐུབ་པ་དེ་རྒྱ་གར་གཞུང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནང་ཕྱག་ལས་གནང་བཞིན་པ་རྟ་མགྲིན་ལགས་ཀྱིས། རྒྱ་གར་གཞུང་ནི་བཙན་བྱོལ་གཞུང་མང་གཉིས་ལ་བཀའ་དྲིན་ཆེན་པོ་ཡིན་ལ། ང་རང་སྒེར་ལ་མཚོན་ན་ཕ་མ་སྤུན་མཆེད་ཆ་ཚང་རྒྱ་གར་ལ་གྱར་ནས་རྒྱ་གར་རང་ལ་འཚར་ལོངས་བྱུང་། སློབ་གྲྭ་ཆ་ཚང་འགྲིམས་ཏེ་ལས་ཀ་གཉེར་བཞིན་ཡོད་པས་ཉིན་མོ་འདིའི་བརྒྱུད་རྒྱ་གར་གྱི་བཀའ་དྲིན་དྲན་གསོ་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག ཡང་དཔལ་འབྱོར་ལས་ཁུངས་ཀྱི་ལས་བྱེད་ཀུན་བཟང་ལགས་ཀྱིས། བོད་མི་རྣམས་བཙན་བྱོལ་ལ་གྱར་ནས་ལོ་༦༧ འཁོར་བའི་དུས་ཡུན་རིང་། རྒྱ་གར་གཞུང་མང་གཉིས་ཀྱི་ངོས་ནས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ཀྱི་གོ་སྐབས་བསྐྲུན་ཞིང་རྒྱབ་སྐྱོར་གནང་བར། རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་འདིའི་བརྒྱུད་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞེས་གསུངས་བྱུང་། རྩ་བའི་ཕྱི་ལོ་ ༡༧༥༧ ལོ་ནས་རྒྱ་གར་ནི་དབྱིན་ཇིའི་དབང་སྒྱུར་འོག་ཚུད་དེ། ཕྱི་ལོའི་དུས་རབས་ཉི་ཤུའི་ནང་རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷན་ངྷི་ཡིས་སྣེ་ཁྲིད་འོག་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྣ་མང་སྤེལ་བའི་བརྒྱུད། ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇིའི་རྒྱ་གར་གྱི་སྲིད་སྐྱོང་མཐའ་མ་ (Lord Mountbatten) ལགས་ཀྱི་ཕྱག་ནས་རྒྱ་གར་མི་མང་ལ་རྒྱ་གར་གྱི་རང་དབང་རང་བཙན་ཐོབ་སྟེ་རྩིས་འབུལ་གནང་ཡོད་པ་རེད།། བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་། པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
14 Aug 2026, 21:19 GMT བདེ་སྐྱིད་ཀུན་སྒྲོལ།

ལུས་པོའི་སྟེང་བོད་དོན་དང་འབྲེལ་བའི་ཁབ་གཙགས་བསྐྱོན་པ་དེ་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་དང་། འཐབ་རྩོད་ཀྱི་ངོ་བོ་ཞིག་ལ་ངོས་འཛིན་གནང་གི་འདུག བོད་དོན་དང་འབྲེལ་བའི་རིན་མེད་ཁབ་གཙགས་ཀྱི་ལས་འགུལ་ཞིག་བཞུགས་སྒར་དུ་བོད་ཀྱི་གཞོན་ལྷན་གྱི་གོ་སྒྲིག་འོག་གནང་བཞིན་ཡོད་པ་དང་། མཉམ་བཞུགས་པ་རྣམས་ཀྱིས་ལུས་པོའི་ཐོག་བོད་དོན་དང་འབྲེལ་བའི་ཁབ་གཙགས་བསྐྱོན་པ་དེ་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་དང་། འཐབ་རྩོད་ཀྱི་ངོ་བོ་ཞིག་ལ་ངོས་འཛིན་གནང་པ་དང་། བོད་ཀྱི་འཐབ་རྩོད་དང་། མི་རིགས་ཀྱི་ངོ་བོ། རྒྱ་ནག་ལ་ངོ་རྒོལ་བཅས་དང་འབྲེལ་བའི་ཡི་གེ་དང་མཚོན་རྟགས་ཀྱི་ཁབ་གཙགས་ལུས་པོར་བཀོད་དེ། ལུས་པོའི་སྟེང་འཐབ་རྩོད་ཀྱི་ངོ་བོ་རྒྱུན་གནས་ཤིག་ཏུ་བསྒྱུར་བ་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག རྡ་སར་བོད་དོན་ཆེད་ཁབ་གཙཊ་ཀྱི་ལས་འགུལ་སྤེལ་ཏེ་རྒྱ་ནག་ལ་ངོ་རྒོལ་བྱས་པ། ༢༠༢༦།༨།༡༣ (RFA Tibetan) དེ་ཡང་མཉམ་ཞུགས་པ་བསྟན་འཛིན་ཟླ་གསལ་ལགས་ཀྱིས་ལག་པའི་ཐོག་བོད་རང་བཙན་ཞེས་པའི་ཁབ་གཙགས་བསྐྱོན་ཏེ། ཁབ་གཙགས་དེ་ང་ཚོའི་ལུས་པོ་ནས་བསུབ་མི་ཐུབ་པ་ཞིག་ཡིན་དུས། དེའི་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་དང་བློ་དགའ་རང་བཙན་ལ་རྗེས་དྲན་གྱི་རྣམ་པ་མཚོན་གྱི་ཡོད་ཅེས་གསུང་གི་འདུག་ལ། གཞན་བོད་རང་བཙན་ཞེས་བྲིས་མཁན་རང་བཙན་དོན་གྲུབ་ལགས་ཀྱིས། ང་འཇིག་རྟེན་དེ་ནས་ཁ་མ་བྲལ་གྱི་བར་དང་བོད་རང་བཙན་མ་ཐོབ་ཀྱི་བར་དུ་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་གསུང་གི་འདུག བློ་གྲོས་དཔལ་ལྡན་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་དང་བོད་རང་བཙན་ཞེས་པའི་ཁབ་གཙགས་གཉིས་བསྐྱོན་ཏེ་ཁོང་གིས་གསུངས་དོན་ལ། ཁོང་གི་ལུས་པོར་ད་བར་ཁབ་གཙགས་གཅིག་ཀྱང་བརྐོས་མ་མྱོང་པས་ད་རེས་ཐེངས་པ་དང་པོ་ཆགས་ཀྱི་ཡོད་ལ། དེ་ནི་དཔའ་བོ་བློ་དགའ་ལགས་རྗེས་དྲན་དང་བོད་རང་བཙན་གཙང་མ་ཡིན་པའི་ངོ་བོའི་ཚུལ་དུ་བྲིས་ཀྱི་ཡོད་ཅེས་གསུངས་བྱུང་། གཞན་ཐེངས་འདིར་གཞོན་སྐྱེས་མི་ཉུང་བ་ཞིག་གིས་བོད་ཀྱི་ས་ཁྲའི་རི་མོ་དང་། ཡང་ས་ཁྲའི་ནང་རེ་བ་ཞེས་འཁོད་པ་དང་བོད་ཀྱི་རྒྱལ་དར་འཁོད་པ། ང་བོད་པ་ཡིན་སོགས་ཚིག་བརྗོད་སྣ་མིན་ཁབ་གཙགས་བསྐྱོན་སོང་བ་དང་། ཐེངས་འདིར་ཁབ་གཙགས་རྒྱག་མཁན་གཉིས་ཡོད་པ་ལས་བསྟན་འཛིན་ལགས་ཀྱིས། བོད་དོན་དང་འབྲེལ་བའི་ཡི་གེ་དང་རི་མོ་རྣམས་ཁབ་གཙགས་བསྐྱོན་རྒྱུ་དེ་ནི་ལས་འགུལ་གྱི་རྣམ་པ་གསར་པ་ཞིག་ཆགས་ཀྱི་འདུག་ལ། ཁབ་གཙགས་ནི་མི་ཚེ་གང་བོར་ལུས་སྟེང་དུ་གནས་ཀྱི་དུས་རྒྱལ་ཁབ་ཀྱི་དོན་དུ་བསྐྱོན་པ་དེ་ཡག་པོ་དང་སེམས་ཤུགས་ཆེན་པོ་མཐོང་གི་འདུག་ཅེས་གསུངས་བྱུང་། ལས་འགུལ་དེ་འབྲེལ་གཞོན་ལྷན་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། གཙོ་བོ་ཁབ་གཙགས་ཀྱི་ལས་འགུལ་དེ་ནི། ཚིག་འབྲུ་དེ་དག་ལུས་པོའི་སྟེང་དུ་བརྐོས་ཏེ། མ་ཤི་བར་དུ་བོད་དོན་འཐབ་རྩོད་དང་བོད་པ་ཡིན་པ་མ་བརྗེད་པའི་ཆེད་དུ་སྤེལ་བ་ཞིག་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། “རྒྱལ་གཅེས་དཔའ་བོའི་མངོན་འདོད་ཀྱི་རྐང་འཁོར་སྐོར་སྐྱོད་”ཀྱི་ལས་འགུལ་སྤེལ་བ། (པོན་ཊ་ཆོལ་གསུམ་ས་གནས་གཞོན་ལྷན།) གཞན་ “རྒྱལ་གཅེས་དཔའ་བོའི་མངོན་འདོད་ཀྱི་རྐང་འཁོར་སྐོར་བསྐྱོད་” ཅེས་སྤོན་ཊ་བོད་མིའི་གཞིས་ཆགས་ནས་བཞུགས་སྒར་རྡ་ས་བར་གྱི་ལས་འགུལ་ཞིག་ཕྱི་ཟླ་ ༨ ཚེས་ ༡༣ ནས་འགོ་བཙུགས་གནང་འདུག་་ལ། བཞུགས་སྒར་དུ་ཡང་བློ་དགའ་ལགས་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་སོང་།། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
14 Aug 2026, 20:40 GMT པ་སངས་ཚེ་རིང་།

ཀ་ལོན་སྦུག་ཏུ་ཡུལ་མི་ཞིག་གིས་ས་གནས་གཞོན་ནུའི་ནང་འགན་འཁུར་བཞེས་ཏེ་དོ་འཁུར་གནང་བཞིན་པ། ནུབ་སྦེང་གྷལ་མངའ་སྡེའི་ཀ་ལོན་སྦུག་གྲོང་ཁྱེར་ནང་གནས་སྡོད་ས་གནས་ཡུལ་མི་བུད་མེད་ཨ་ནུཤི་ཀ་པརཱ་དྷན་ལགས་ནི་མི་རིགས་ཀྱི་ཆ་ནས་བལ་པོ་ཡིན་ཡང་བོད་མི་ཞིག་དང་གཉེན་སྒྲིག་བྱས་ཤིང་། བོད་མིའི་འཐབ་རྩོད་ཐོག་བོད་མི་དང་གཅིག་འགྱུར་གྱི་འགན་འཁུར་བླངས་མཁན་ཞིག་རེད་འདུག་ལ། དེ་ཡང་ཁོང་གིས་ས་གནས་གཞོན་ནུ་ལྷན་ཚོགས་ནང་དུ་རྒྱུན་ལས་གནང་བཞིན་ཡོད་པ་རེད། ཨ་ནུཤི་ཀ་ པརཱ་དྷན་ལགས་ཀྱིས་གསུངས་དོན་དུ། ང་རང་ལས་འགུལ་ནང་མཉམ་ཞུགས་བྱེད་དོན་གཙོ་བོ་ནི། ངའི་བཟའ་ཟླ་བོད་པ་ཡིན། ཁོང་དང་མཉམ་དུ་ཁ་ཐུག་ནས་ལོ་གསུམ་ཙམ་ཕྱིན་སོང་། འདས་པའི་ལོ་གསུམ་ནང་ངས་བོད་དོན་སྐོར་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་། བོད་མི་ཚོས་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་འདི་ལྟ་བུའི་བློས་གཏོང་གནང་པ་མཐོང་དུས་ང་རང་འགྲོ་བ་མི་ཞིག་ཡིན་པ་དང་ལྷག་པར་དུ་བོད་མི་ཞིག་གིས་བཟའ་ཚང་ཡིན་པའི་ཆ་ནས་ང་རང་ལས་འགུལ་ནང་མཉམ་ཞུགས་ཀྱིས་སྐྲ་བཞར་ཏེ་མགོ་རིལ་བཟོས་པ་ཡིན་ ཞེས་ཁོང་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཨ་ནུཤི་ཀ་པརཱ་དྷན་ལགས་ཀྱི་བཟའ་ཟླ་རབ་བསྟན་ཕུན་ཚོགས་ལགས་ནི་ད་ལྟའི་ཆར་དྭང་སློབ་ནང་ཞབས་ཞུ་སྒྲུབ་མུས་ཡིན་པ་དང་། ཁོང་དང་ཁ་ཐུག་པའི་རྗེས་ཁོང་མོ་བོད་མི་དང་མཉམ་དུ་སེམས་ཐག་ཉེ་རུ་ཕྱིན་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་ལ་ཡང་དོ་སྣང་ཤུགས་ཆེ་རུ་སླེབས་ཏེ་ཕྱི་ལོ་ ༢༠༢༤ ནས་ཁོང་ཀ་ལོན་སྦུག་ས་གནས་གཞོན་ནུའི་རྒྱུན་ལས་ནང་འཛུལ་ཞུགས་ཀྱིས་ད་བར་ཕྱག་ལས་འགན་འཁུར་བཞེས་མུས་རེད་འདུག ཀ་སྦུག་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས། རྒྱ་གར་བྱང་ཤར་ཀ་ལོན་སྦུག་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་ཀ་ལོན་སྦུག་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་གཞུང་དུ་བོད་མི་ཕོ་མོ་གྲངས་ ༩༠ ལྷག་གིས་སོ་སོའི་མགོ་བོའི་སྐྲ་བཞར་ཏེ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་ངོས་ལེན་མེད་པའི་ངོ་རྒོལ་བྱས་པ་ཡིན ་ཞེས་གསུངས་བྱུང་། འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣེ་མང་ཞིག་སྤེལ་བཞིན་ཡོད་པའི་ཁྲོད་ཕྱི་རྒྱལ་དང་རྒྱ་གར་བའི་ས་གནས་ཡུལ་མི་མང་དག་ཅིག་གིས་ལས་འགུལ་ཁག་འདྲ་མིན་ནང་མཉམ་ཞུགས་གནང་བཞིན་ཡོད་པ་རེད།། བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།

Download metadata bundle
14 Aug 2026, 16:47 GMT བདེ་སྐྱིད་ཀུན་སྒྲོལ།

༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་བོད་ཁམས་སྡེ་དགེར་ཕེབས་པ་འདི་ཆོས་མཇལ་ཁོ་ནའི་ཆེད་དུ་ཡིན་པ་གསུངས་འདུག སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ཉིན་གྲངས་ཁ་ཤས་སྔོན་བོད་ཀྱི་ཁམས་སྡེ་དགེ་ཁུལ་དུ་ཕེབས་ཡོད་པ་བརྙན་མང་དག་ཅིག་སྤྱི་ཚོགས་དྲྭ་ལམ་དུ་མཇལ་རྒྱུ་བྱུང་ཡོད་ཅིང་། འབྲེལ་ཡོད་མི་སྣ་ཞིག་གིས་ད་རེས་རིན་པོ་ཆེ་མཆོག་བོད་ནང་ཕེབས་པ་འདི་རྒྱ་གར་གཞུང་དང་རྒྱ་ནག་གཞུང་གཉིས་ཀའི་མོས་མཐུན་ཡོད་པའི་ཐོག་ནས་ཕེབས་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། དེ་བཞིན་བོད་ནང་ནས་པར་ལེན་བྱས་པའི་བརྙན་པར་ལག་སོན་བྱུང་བ་དེ་དག་གི་ནང་། བོད་མི་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བས་ལག་དུ་མཇལ་དར་སོགས་བསྣམས་ཏེ་རིན་པོ་ཆེ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ངང་ཕེབས་བསུ་གཟབ་རྒྱས་ཞུས་འདུག རིན་པོ་ཆེ་མཆོག་ད་རེས་བོད་ཁམས་སྡེ་དགེ་ཁུལ་དུ་ཕེབས་པ་ནི་གཙོ་བོ་གདན་ས་དཔལ་སྤུངས་དགོན་དུ་གནས་གཟིགས་ལ་ཕེབས་པ་ཞིག་རེད་འདུག་ལ། སྤྱི་ཚོགས་དྲྭ་ལམ་ཐོག་གྱར་བའི་སི་ཏུ་རིན་པོ་ཆེ་མཆོག་གིས་བོད་ནང་གི་མང་ཚོགས་ལ་བཀའ་གནང་བའི་སྐར་མ་ ༩ དང་སྐར་ཆ་ ༢༣ ཅན་གྱི་སྒྲ་སྒམ་ཞིག་ལག་སོན་བྱུང་པའི་ནང་། འདུ་འཛོམས་ཆེན་པོའི་ཁྲོད་ཚང་ཁ་རྒྱག་པ་སོགས་བྱུང་ན་བྱིས་པ་དང་རྒན་རྒོན་རྣམས་ལ་དཀའ་ངལ་བྱུང་གི་རེད་ཅེས་གསུངས་རེ། ལྷོད་ལྷོད་ངང་ཁོང་གིས་རེ་བ་གནང་བ་ལྟར་དུ་རང་གནས་སུ་ལོག་ཕེབས་དགོས་ཞེས་ཐེངས་དྲུག་གསུངས་འདུག་ལ། ཁོང་ཕེབས་དོན་དེ་ཡང་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ན་ལས་གཞན་གང་ཡང་མེད་པས་མ་འོངས་སླར་ཡང་ཕེབས་ཐུབ་རྒྱུའི་ཕྱོགས་གཉིས་ཀ་ནས་སྨོན་ལམ་འདེབས་དགོས་པ་ཡང་གསུངས་འདུག དེ་ཡང་རིན་པོ་ཆེ་མཆོག་གིས་གསུངས་དོན་དུ། “ དེ་རིང་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ལ་ཕྱོགས་མཐའ་གྲུ་ནས་ཕེབས་པའི་མཆོག་སྤྲུལ། བླ་མ། མཁན་པོ། དད་ལྡན་མི་མང་བསམ་གྱིས་མི་ཁྱབ་པ་མང་པོ་ཕེབས་འདུག ཁྱེད་རྣམ་པ་ཕེབས་ནས་དེ་རིང་ང་ཚོ་འདིར་མཇལ་བར་ང་སེམས་ཤིན་ཏུ་ནས་དགའ་ཚོར་ཆེན་པོ་བྱུང་། ཡིན་ན་ཡང་ད་རེས་ང་འདིར་ཡོང་རྒྱུ་དེ་ལོ་ ༣༥ རྗེས་ལ་ཡོང་བ་ཡིན། ད་རེས་ང་འདིར་ཡོང་རྒྱུ་དེ་ལ་འབད་བརྩོན་མང་པོ་བྱས། འབྲེལ་བ་མང་པོ་བྱས་ནས་དོན་དག་སྙིང་པོ་དེ་ང་རང་གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དང་ཡན་ལག་གཅིག་གཉིས་ཤིག་ལ་ད་ལོ་ཆོས་མཇལ་ལྟ་བུ་དང་། སྨོན་ལམ་ལྟ་བུར་གདན་ས་འདིར་ཆོས་མཇལ་ཆེད་དུ་ཡོང་བ་ཡིན་ཞེས་ དང་། གནས་ཡོད་ཚང་མས་གོ་སྐབས་གནང་བ་རེད། གོ་སྐབས་ཐོབ་པ་རེད། ལོ་ ༣༥ ཡོང་མ་ཐུབ་པ་རེད་པ། ད་ལོ་འདིར་ཡོང་ཐུབ་དུས་སེམས་དགའ། དེ་ཡང་ང་རང་མི་གཅིག་གི་གང་ཡང་མ་རེད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས། དེ་ནས་ཚང་མའི་དོན་དུ་རེད། དེར་བརྟེན་ཚང་མའི་སྐུ་བསོད་དབང་ཐང་། བསོད་ནམས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ཡིད་ཆེས་བརྒྱ་ཆ་ ༡༠༠ ཡོད་” ཅེས་གསུངས་འདུག གོང་གི་སྒྲ་སྒམ་དེའི་ནང་གསུངས་པ་བཞིན། རིན་པོ་ཆེ་མཆོག་ཐེངས་འདིར་བོད་ཁམས་སྡེ་དགེར་ཕེབས་དོན་དེ་ཡང་དཔལ་སྤུངས་མགོན་པར་ལོ་ ༣༥ རྗེས་ཆོས་མཇལ་དུ་ཕེབས་པ་ཞིག་ཡིན་འདུག་ཀྱང་། བོད་ཀྱི་ས་གནས་གང་ས་ནས་གྲྭ་བཙུན་དང་མང་ཚོགས་བརྒྱ་ཕྲག་མང་པོ་ཞིག་ཁོང་མཇལ་ཁར་ཕེབས་ཡོད་འདུག རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་གསུངས་པའི་བཀའ་སློབ་ནང་ད་དུང་། “ ཐེངས་འདིར་ངས་ཁྱེད་རང་ཚོ་ལ་དམིགས་བསལ་གྱི་ལབ་རྒྱུ་གང་ཡོད་ཟེར་ན། མི་མང་པོ་དེ་འདྲ་འཛོམས་ཚར་དུས་འདིའི་ནང་ཕྲུ་གུ་ཆུང་ཆུང་དང་རྒས་པོ་རྒས་མོ་མང་པོ་ཡོད་ཀྱི་རེད། ནད་པ་མང་པོ་ཡོད་ཀྱི་རེད། གཟུགས་པོ་བདེ་མོ་ཡོད་ཀྱི་མ་རེད། དེ་འདྲའི་ནང་ལ་ཚང་ཁ་བརྒྱབ། འུར་བརྒྱབ་ན་ཁོང་ཚོར་རྐྱེན་ཆག་སྒོ་བྱུང་ན་སྡུག་པོ་རེད། ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་དགོན་པ་དང་གྲྭ་ཚང་། མི་མང་གི་དད་པ་བཟོ་ཡི་ཡོད་དུས། མི་གཅིག་ལ་གནོད་སྐྱེལ་སོང་ན་ཡང་དཔེ་བསགས་ཚར་བ་རེད། ང་ཚོའི་རྩ་བའི་དམ་བཅའ་དང་དམ་ཚིག་འགལ་སོང་བ་རེད། དེ་འདྲ་མ་འགལ་བའི་ཆེད་དུ་ཁྱེད་རྣམ་པ་ལྷོད་ལྷོད་བཞུགས། དེ་རིང་འདིར་ང་འདིར་ཡོང་སྐབས་མཛད་སྒོ་དང་དབང་གནང་རྒྱུ། ཆོས་བཤད་རྒྱུ་དེ་ཚོའི་གྲས་དེ་མེད་པ་རེད། དུས་ཚོད་ཐུང་ཐུང་མ་གཏོགས་མེད་རེད་པ། བཟོ་ལོང་ཡོད་མ་རེད། དེ་ནས་ང་རྒྱ་གར་འཕགས་པའི་ཡུལ་ལ་འགྲོ་དགོས་རེད། དུས་ཚོད་ཐུང་ཐུང་ནང་མཛད་སྒོ་གཞན་གཅིག་གང་ཡོད་མ་རེད། ཡིན་ནའང་ཁྱེད་རྣམ་པ་བསླེབས་ཚར་ཡིན་དུས། ཁྱེད་རྣམ་པ་ཡོང་རྒྱུ་དེ་ཆོས་ཀྱི་རེ་བ་བྱས་ནས་ཡོང་བ་ཞིག་ཡིན་དུས་ཁྱེད་རྣམ་པར་ངས་བཀའ་བསྒོ་གཅིག་འདོན། དེའི་ནང་སྐྱབས་འགྲོ་དང་སེམས་བསྐྱེད་ཚང་མ་ཚུད་བསྡད་ཡོད་རེད། དེ་ནས་ཁྲུས་བཞེས། ང་ཚོ་ཚང་མར་ཁྲུས་དགོས་རེད་པ། ཁྲུས་དེ་ལུས་པོར་ནད་མེད་པ་སེམས་ལ་སྡུག་བསྔལ་མེད་པ། བྱ་བ་ལམ་འགྲོ་ཡོང་བ། ཚེ་འདི་དང་སྐྱེ་བ་ཕྱི་མར་དག་པའི་ཞིང་དུ་སྐྱེས་བ་ལ་སོགས་པའི་ཆོས་ཀྱི་སྙིང་པོ་ཆ་ཚང་འགྲུབ་ཆེད་ཁྲུས་བཞེས་རྒྱུ་རེད། ཁྲུས་དེ་ཡང་ཆུ་རེད། ཆུ་དེར་རང་བཞིན་གྱིས་ཆ་ཚང་གཙང་མ་བཟོ་ཐུབ་པའི་ནུས་པ་ཆེན་པོ་ཡོད་རེད། ཆུ་མེད་ན་ང་ཚོ་འཚོ་ཐུབ་ཀྱི་མ་རེད་པ། དེར་བརྟེན་ཁྱེད་རྣམ་པ་ལྷོད་ལྷོད་ཀྱིས་བང་སྒྲིག་ནས་ཁ་ནས་མ་ཎི་དང་བཛྲ་གུ་རུ། སྐྱབས་འགྲོ་སོགས་འདོན། འུར་སྒྲ་མ་བྱེད་པར་ལྷོད་ལྷོད་ངང་ཚང་མ་བང་སྒྲིག་ནས་འགྲོ་སར་ལྷོད་ལྷོད་འགྲོ དེ་འདྲ་བྱེད་ནས་བཀྲ་ཤིས་ལོ་ལེགས་ངང་ངས་ཁྱེད་ཚོ་མཐོང་ཡོད་རེད། ཁྱེད་ཚོས་ང་མཐོང་ཡོད་རེད། ངས་ཁྱེད་རང་ཚོ་ཚང་མར་ལམ་སེང་ཡག་པོ་བཟོ་མི་ཐུབ་ཀྱང་དགེ་སློང་ཞིག་རེད། བླ་མ་གོང་མ་རྣམ་པའི་བྱིན་རླབས་ཡོད་རེད། དེར་བརྟེན་ངས་སྨོན་ལམ་ཡག་པོ་བཏབ་ནས་ཁྱེད་རྣམ་པ་ཚང་མ་ཚེ་རིང་པོ་དང་ནད་མེད་པ། སྐྱིད་པོ་ཡོང་ནས་ཡུལ་ལུང་པ་ཐམས་ཅད་ལ་ཞི་བདེ། བདེ་སྐྱིད་ཕུན་སུམ་ཚོགས་པ། འཛམ་གླིང་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བ་ཤོག་ཅེས་སྨོན་ལམ་བཏབ་ཡོད། ཁྱེད་ཚོས་ཀྱང་འུར་མི་བྱེད་པར་སྨོན་ལམ་བཏབ། སེམས་པ་ལྷོད་ལྷོད་བྱོས། དེ་ནས་གོ་སྒྲིག་ཡོད་པ་ལྟར་དུ་སྡོད་སར་འགྲོ། དེ་ཚར་དུས་དེ་རིང་ ཁྱེད་རང་ཚོ་གྲ་སྒྲིག་ནས་སོ་སོའི་ཚུར་ཕེབས་ཡོང་སའི་དགོན་པ་དང་ཡུལ་གང་ནས་ཡིན་ཡང་དེར་ཕེབས། ཡག་པོ་བཀྲ་ཤིས་ལོ་ལེགས་ངང་ཕེབས་སོང་། དེ་བྱེད་ན་མགོ་དཀར་པོ་གཟུགས་པོ་དཀར་པོ། རྔ་མ་དཀར་པོ། བཀྲ་ཤིས་བདེ་ལེགས་ཡོང་གི་རེད་ ” ཅེས་གསུངས་འདུག རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་དོན་དུ། “ངས་ཁྱེད་རང་ཚོ་ལ་བསླབ་བྱ་ཟེར་ན་འདྲ་རེ་འདུན་ཟེར་ན་དེ་ཡིན། ཁྲུས་ཚར་དུས་སོ་སོའི་ལུང་པར་ཕེབས་སོང་། ས་ཆ་ཆུང་ཆུང་འདིའི་ནང་ལ་མི་མང་པོ་ཚང་ན་དཀའ་ལས་ཡོད་རེད། ཆམ་པ་ན་ན་ལོ་རྒས་པོ་རྒས་མོ་རྣམས་དཀའ་ལས་མྱང་གི་རེད། དེ་ཚོ་སྡིག་པ་རེད། སོ་སོའི་ས་ཆར་ལོག་ཕེབས་སོང་། ཚེ་རིང་ལོ་བརྒྱ་དཀོན་མཆོག་གསུམ་གྱིས་སྐྱོབས་བླ་མས་སྐྱོབས། ཁྱེད་རང་ཚོ་མ་འོངས་ང་ལྷོད་ལྷོད་བྱས། ང་སྔོན་མ་ཡང་ཡོང་ཡིན་པ་་་་དབང་འདོན་ཡིན་པ་ཆོས་བཤད་ཡིན་པ་་་་ མ་འོངས་པར་ཡང་དེ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་དང་རེ་བ་ཡོད། ཡོང་གི་རེད་ཁྱེད་ཚོ་ཡང་སྨོན་ལམ་ཡག་པོ་བརྒྱབ། ང་ཚོར་ཆོས་ཀྱི་དོན་དག་མ་གཏོགས་གཞན་གྱི་ལས་ཀ་སྣེ་གཅིག་མེད་པ། དེར་བརྟེན་ཁྱེད་ཚོས་དེ་ནང་བཞིན་བསམ་བློ་བཏང་། ལེགས་སོ། བདག་དང་སེམས་ཅན་ཐམས་ཅན་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བའི་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡིད་ཤེས་སུ་བྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ཚང་མ་དམ་ཚིག་སྲུངས་། དམ་ཚིག་ཟེར་དུས་ངས་རེ་བ་བྱས་པ་ཁྱེད་རང་ཚོ་ལ་ལབ་དུས་ཁ་ལ་ཉན་ཤོག རྗེས་མ་སླར་ཡང་ཐུག་གི་རེད།” ཅེས་གསུངས་འདུག སྤྱི་ཚོགས་དྲྭ་ལམ་དུ་ཐོན་པའི་བརྙན་ཐུང་ཞིག་གི་ནང་སི་ཏུ་རིན་པོ་ཆེའི་བཞུགས་གནས་ཀྱི་དགོན་པའི་ཕྱི་རོལ་གྱི་ལམ་དུ་དཀར་རྟགས་ཀྱིས་བཀྲ་ཤིས་རྟགས་བརྒྱད་བྲིས་བཞིན་པ་དང་། ནམ་མཁར་འཇའ་མཚོན་ཤར་བ་ཡང་མངོན་རྒྱུ་འདུག བོད་ཁམས་སྡེ་དགེར་ཆགས་པའི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དགོན་པ་ནི། སྤྱི་ལོ་ ༡༧༠༠ ལོར་མདོ་ཁམས་སྡེ་དགེ་ཨ་ལོའི་ཡུལ་དུ་འཁྲུངས་པ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་༸མ་ཧཱ་པཎྜི་ཏ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་མཆོག་གིས་ཕྱི་ལོ་ ༡༧༢༧ ལོར་མདོ་སྔགས་རིག་གནས་ཆ་ལག་དང་བཅས་པའི་དཔལ་ཀུན་སྤུངས་པའི་གདན་ས་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ། དེའི་ཆ་ལག་ཏུ་དཔལ་སྤུངས་ལྔ་རིག་སློབ་གླིང་ཆེན་མོ་ཞེས་ཐུན་མིན་ནང་དོན་རིག་པ་དང་། ཐུན་མོང་སྒྲ་སྙན་བརྡ་སྤྲོད། བཟོ་གསོ་རྩིས་རིག་སོགས་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས་ཏེ་གཞིས་བྱེས་སློབ་ཚོགས་མཁས་དབང་རིམ་ཐོན་གྱིས་བོད་ཁམས་ཡོངས་ལ་རིག་གནས་ཀྱི་ཞབས་འདེགས་རྒྱ་ཆེན་སྒྲུབ་པ་ནས་བཟུང། ༸ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་རིམ་བྱོན་གཙོས་ཡབ་སྲས་བརྒྱུད་པར་བཅས་པས་རྒྱུན་འཁྱོངས་གནང་བའི་མཛད་བཟང་མུ་མཐུད་རྒྱུ་དགོས་གལ་ཆེར་གཟིགས་ཀྱིས། ༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་སྤྱི་ལོ་ ༢༠༡༡ ལོར་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུའང་སྨན་དང་རྩིས། བརྡ་སྤྲོད་སོགས་ཐུན་མོང་གི་རིག་གནས་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས་གནང་ཡོད་པ་རེད།། ཁ་སྣོན་གསར་འགོད། འཕྲིན་ལས་ཆོས་སྒྲོན་དང་། བཀྲ་དབང་། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
13 Aug 2026, 18:24 GMT བདེ་སྐྱིད་ཀུན་སྒྲོལ།, བཀྲ་དབང་།

བོད་ཀྱི་གསེར་རྟ་བླ་རུང་སྒར་དུ་གྲ་ཤག་མུ་མཐུད་གཏོར་བཞིན་ཡོད་པ་དང་དགེ་འདུན་པ་གཅིག་གར་སོང་ཆ་མེད་དུ་གྱུར་འདུག

Download original video Download metadata bundle
Video
Credit: བདེ་སྐྱིད་ཀུན་སྒྲོལ།, བཀྲ་དབང་།
13 Aug 2026, 18:24 GMT བདེ་སྐྱིད་ཀུན་སྒྲོལ།, བཀྲ་དབང་།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གྲ་ཤག་མུ་མཐུད་གཏོར་བཞིན་པ་དང་དེ་ཡང་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་དབྱེ་བའི་གསེར་རྟ་རྫོང་ཁོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ ་ཕྱི་ཟླ་ ༧ ཚེས་ ༡༣ ཙམ་ནས་གྲ་ཤག་གཏོར་འགོ་བཙུགས་ཏེ་འདི་ལོ་གྲ་ཤག་ ༡༠༦༠ ལྷག་གཏོར་རྒྱུ་ ཡིན་པ་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ལ། ད་ཆ་དུས་ཡུན་ཟླ་བ་གཅིག་ཙམ་སོང་བའི་མཚམས་འདིར་གྲ་ཤག་གཏོར་བཤིག་མུ་མཐུད་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༡༡ ཉིན་གྲ་ཤག་གཏོར་བའི་པར་རིས་དང་བརྙན་བཅས་འབྱོར་པ་བརྒྱུད་གྲ་ཤག་གཏོར་བའི་བདེན་རྟགས་ལག་སོན་བྱུང་ཡོད་ཅིང་། གྲ་ཤག་གཅིག་གི་སྒེའུ་ཁུང་ནས་དགེ་འདུན་པ་ཞིག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་ཆེན་པོ་ཞིག་འཕྱར་ཏེ། རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པར། ད་ཆ་དགེ་འདུན་པ་དེ་རྒྱ་གཞུང་གིས་འཛིན་བཟུང་བྱས་མིན་ཤེས་རྟོགས་ཐུབ་མེད་ན་ཡང་། འབྲེལ་ཡོད་ཁག་ཅིག་གིས་དགེ་འདུན་པ་དེ་གར་སོང་ཆ་མེད་དུ་གྱུར་སྐོར་བརྗོད་བྱུང་། ད་ཆ་ས་གནས་ནས་ཕྱི་ལ་འབྲེལ་བ་བྱེད་རྒྱུར་དམ་དྲག་ཧ་ཅང་ཆེན་པོ་ཡོད་པས། དགེ་འདུན་པ་དེའི་མིང་སོགས་ཞིབ་ཕྲ་ཤེས་རྟོཊ་མ་བྱུང་ཡང་མུ་མཐུད་རྩད་གཅོད་ཞུ་བཞིན་ཡོད། འཆར་གཞི་ལྟར་ན་ཕྱི་ཟླ་ ༨ ཚེས་ ༢༠ བར་གྲྭ་ཆིག་སྟོང་བརྒལ་བ་གཏོར་ཟིན་པ་བྱེད་རྒྱུ་ཡིན་འདུག འཆར་གཞི་ལྟར་ན་ཟླ་ ༨ ཚེས་ ༢༠ ལ་འདི་ལོའི་གྲ་ཤག་བཤིག་རྒྱུའི་ལས་གཞི་འདི་མཇུག་སྒྲིག་གྱི་ཡོད་པས། དུས་ཡུན་འདིའི་རིང་ཡུལ་སྐོར་བ་གཏོང་རྒྱུའི་དུས་ཚོད་ལ་ཡང་ཚད་བཀག་བཟོས་ཡོད་འདུག འཁོར་སྐར་ (Satellite) ནས་བླངས་པའི་བླ་རུང་སྒར་གྱི་གྲ་ཤག་གཏོར་བཤིག་བཏང་ཤུལ་གསལ་པའི་པར་རིས། ༢༠༢༦།༠༨།༡༠ (Planet Labs) བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱིའི་སྣང་ཚུལ་གྱི་ཐོག་ནས་ཆོས་དད་རང་དབང་ཡོད་མདོག་གི་རྣམ་པ་སྐྲུན་གྱི་ཡོད་ཀྱང་། གྲ་ཤག་གཏོར་བཤིག་ནི་ཆོས་དད་རང་དབང་ལ་དོ་ཕོག་བཏང་པ་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གྲ་ཤག་གཏོར་བཞིན་པའི་གསེར་རྟ་བླ་རུང་སྒར། (མི་སེར་གྱི་འདྲ་པར།) ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར། གསེར་རྟ་བླ་རུང་སྒར་དུ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་ནས་བཟུང་། དགོན་པའི་ནང་གི་གྲ་བཙུན་གྱི་གྲངས་ཚད་ལ་ཚོད་འཛིན་གྱིས་གྲ་བཙུན་དགོན་པ་ནས་ཕྱིར་ཕུད་བཏང་བ་དང་དེ་ནས་གྲ་ཤག་བཤིག་རྒྱུ་འགོ་བཙུགས་ཏེ། ལོ་རེ་བཞིན་གྲ་ཤག་ཉུང་དུ་འགྲོ་བཞིན་ཡོད་པ་དང་། འདི་ལོ་མཚོན་ན། ཟླ་ ༧ ཚེས་ ༡༣ ནས་གྲ་ཤག་ཁག་ཅིག་བཤིག་རྒྱུ་འགོ་བཙུགས་ཡོད་པ་དང་། བླ་རུང་སྒར་དུ་སྐྱོད་མཁན་རྒྱ་མི་ཡུལ་སྐོར་བས་ལོ་རེ་བཞིན་གྲ་ཤག་ཉུང་དུ་འགྲོ་བཞིན་ཡོད་པའི་རྒྱུ་མཚན་གང་ཡིན་ཞེས་དྲ་ལམ་ཐོག་བླ་རུང་སྒར་གྱི་བརྙན་པར་འོག་ཏུ་དྲི་བ་བཏོན་མཁན་ཡང་བྱུང་འདུག འཆར་གཞི་ལྟར་ན། གྲ་ཤག་སྟོང་བརྒལ་བ་གཏོར་ནས་མེད་པ་བཟོ་རྒྱུ་དང་། དེ་ཡང་ཟླ་ ༨ ཚེས་ ༢༠ ལ་མཇུག་སྒྲིལ་རྒྱུ་ཡིན་པ་བོད་ནས་བརྗོད་བྱུང་། སྔ་ལོ་བླ་རུང་སྒར་ནས་གྲ་བཙུན་ཁག་ཅིག་ཕྱིར་ཕུད་བྱས་པའི་རྗེས། གྲ་ཤག་ཁག་ཅིག་སྟོང་པར་ལུས་ཡོད་པ་དང་། འདི་ལོ་གྲ་ཤག་ཁག་ཅིག་མངོན་གསལ་མེད་པའི་ངང་བཤིག་བཞིན་ཡོད་པ་མ་ཟད། དུས་སང་ལོར་ཡང་མུ་མཐུད་གྲ་ཤག་ཁག་ཅིག་བཤིག་རྒྱུའི་འཆར་གཞི་ཡོད་པ་རེད་འདུག ཡུལ་སྐོར་བར་དམ་དྲག དེ་དང་དུས་མཚུངས། དབྱར་དུས་རྒྱ་ནག་གི་ས་ཕྱོགས་ཁག་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དུ་ཡུལ་སྐོར་བ་མང་པོ་ཡོང་བའི་སྐབས་འདིར། ས་གནས་དབང་འཛིན་པས་ཡུལ་སྐོར་བའི་གྲངས་ཚད་དང་འགྲོ་འོང་ལ་དོ་དམ་དང་ཚད་བཀག་སྔར་ལས་དམ་དུ་བཏང་ཤིང་། གསེར་རྟ་རྫོང་གི་ཡུལ་སྐོར་ཚན་པས་ཟླ་ ༧ ཚེས་ ༡༡ ཉིན་བཏང་བའི་གསལ་བསྒྲགས་ནང་། ཟླ་ ༧ ཚེས་ ༡༣ ཉིན་ནས་བླ་རུང་སྒར་དུ་འགྲོ་སའི་ལམ་བཟོ་བཅོས་བྱེད་རྒྱུ་ཡིན་ཞེས་བརྗོད་དེ། བླ་རུང་སྒར་དུ་སྐྱོད་མཁན་སྤྱི་སྤྱོད་མོ་ཊའི་དུས་ཚོད་གནས་སྐབས་ཤིག་གི་རིང་བསྒྱུར་བ་བཏང་ཡོད་པ་བརྗོད་འདུག གསེར་རྟ་རྫོང་སྤྱི་བདེ་ཚན་པས་ཀྱང་ཡུལ་སྐོར་བ་ཚོས་གཞུང་ཕྱོགས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་བླ་རུང་སྒར་དུ་སྐྱོད་དགོས་པ་ལས། སྒེར་ངོས་ནས་ལམ་གཞན་བརྒྱུད་དེ་འཛུལ་མི་ཆོག་པ་དང་། ས་གནས་ཀྱི་འབྲེལ་བ་མེད་པའི་མི་སྣའི་སྐད་ཆར་ཡིད་ཆེས་མི་བྱེད་པ། ཚད་བཀག་ས་ཁུལ་ལ་གཡོལ་ནས་རི་བརྒལ་ཏེ་སྒེར་གྱིས་འཛུལ་མི་ཆོག་པ་སོགས་ཀྱི་དྲན་སྐུལ་བཏང་འདུག གྲ་ཤག་གཏོར་བཞིན་པའི་གསེར་རྟ་བླ་རུང་སྒར། (མི་སེར་གྱི་འདྲ་པར།) འཁོར་སྐར་པར་རིས་ནས་མངོན་པའི་གནས་ཚུལ། ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འཁོར་སྐར་ (Satellite) པར་རིས་ལ་དཔྱད་ཞིབ་བྱས་པའི་གནས་ཚུལ་ལྟར་ན། བླ་རུང་སྒར་ནང་གྲ་ཤག་བཤིག་པའི་ས་ཁུལ་རྒྱ་ཆེ་རུ་འགྲོ་བཞིན་པ་མངོན་རྒྱུ་ཡོད་པ་དང་། ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༤ ཉིན་གྱི་འཁོར་སྐར་པར་རིས་དང་ལོ་བདུན་གྱི་གོང་གི་པར་རིས་གཉིས་བསྡུར་ན། གྲ་ཤག་བཤིག་པའི་ཤུལ་གསལ་པོ་མཐོང་ཐུབ་ཀྱི་ཡོད་འདུག མ་ཟད། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན་གྲ་ཤག་གཏོར་ཤུལ་གྱི་འཁོར་སྐར་པར་རིས་ལ་བརྟག་ན་གཏོར་ཤུལ་གྱི་རྒྱ་ཁྱོན་ཆེ་རུ་འགྲོ་བཞིན་པ་མངོན་གསལ་དོད་དུ་སོང་ཡོད། བླ་རུང་སྒར་དུ་གྲ་ཤག་གཏོར་ཤུལ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༤ ཉིན་འཕུར་སྐར་ནས་བླངས་པའི་པར་རིས། (Planet Labs) བླ་རུང་སྒར་དུ་གྲ་ཤག་གཏོར་ཤུལ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༠ པར་རིས་དང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༤ ཉིན་གྱི་འཕར་སྐར་ནས་བླངས་པའི་པར་རིས། (RFA Tibetan) བླ་རུང་སྒར་དུ་གྲ་ཤག་གཏོར་ཤུལ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༠ པར་རིས་དང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༤ ཉིན་འཕུར་སྐར་ནས་བླངས་པའི་པར་རིས། (Planet Labs) མདོར་ན། ད་རེས་བླ་རུང་སྒར་དུ་གྲ་ཤག་བཤིག་པ་དང་། ཡུལ་སྐོར་བའི་འགྲོ་འོང་ལ་གཅིག་གྱུར་གྱིས་དོ་དམ་དང་ཚད་བཀག་བྱེད་པ། སྒེར་ངོས་ནས་ས་ཁུལ་དེར་འཛུལ་བར་བཀག་སྡོམ་བྱེད་པ་བཅས་དུས་མཉམ་དུ་བྱུང་ཡོད་ལ། གཞུང་ཕྱོགས་ཀྱི་གསལ་བསྒྲགས་ནང་འགྲོ་འོང་ལ་བསྒྱུར་བ་གཏོང་དགོས་དོན་ལམ་བཟོ་བཅོས་དང་ཡུལ་སྐོར་བའི་བདེ་འཇགས་ལ་འབྲེལ་བ་ཡོད་པར་བརྗོད་ཡོད་ཀྱང་། ས་མཚུངས་སུ་གྲ་ཤག་བཤིག་བཞིན་པའི་གནས་ཚུལ་ཐོན་པ་དེས། བླ་རུང་སྒར་གྱི་གྲ་བཙུན་གྱི་གྲངས་ཚད་དང་གྲ་ཤག་གི་གྲངས་ཚད། དེ་བཞིན་ཕྱི་མི་ས་ཁུལ་དེར་འགྲོ་འོང་བྱེད་པ་བཅས་ལ་དོ་དམ་དང་ཚད་བཀག་མུ་མཐུད་དམ་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་མངོན་གྱི་ཡོད་འདུག བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
13 Aug 2026, 04:52 GMT བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་སུས་ཀྱང་འགྱུར་བ་བཏང་མི་ཐུབ་པ་ནན་བརྗོད་གནང་འདུག རྒྱ་ནག་གིས་ས་ཚིགས་ཁག་མིང་བསྒྱུར་བྱེད་པ་ནི་ས་ཁོངས་རྒྱ་སྐྱེད་ཀྱི་ཐབས་བྱུས་ཤིག་ཡིན་ཡང་། བྱ་སྤྱོད་དེས་ཨ་རུ་ན་ཅལ་ཐོག་རྒྱ་གར་གྱི་བདག་དབང་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད་ཅེས་ཉམས་ཞིབ་པས་གསུང་གི་འདུག རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་ཡོད་སྐོར་བརྗོད་དེ་ཁུལ་དེའི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱེད་བཞིན་པའི་སྐབས་འདིར། ཟླ་ ༨ ཚེས་ ༧ ཉིན་རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་དང་གཞུང་ལམ། མཚོ་བཅས་ཁྱོན་ ༢༧ གྱི་མིང་ཡོད་བཞིན་པ་རྣམས་གཞུང་འབྲེལ་ས་ཁྲའི་ནང་སྤྱི་ཡོངས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ཉིན་གཅིག་གི་རྗེས་རྒྱ་ནག་གཞུང་གིས། རྒྱ་གར་གྱི་བྱ་སྤྱོད་དེ་བརྒྱུད་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འབྱུང་སྲིད་པའི་ཉེན་བརྡ་བཏང་སྟེ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་རན་དྷིར་འཇཡེསི་ཝལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་བཀའ་མོལ་གནང་བཞིན་པ། (REUTERS) དེ་འབྲེལ་རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་འདི་ཚེས་ ༡༠ ཉིན་གསར་འགོད་གསལ་བསྒྲགས་སྐབས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནི་དོན་དངོས་ཡིན་པས་དེར་གང་ཞིག་གིས་ཀྱང་འགྱུར་བ་བཏང་མི་ཐུབ་པ་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Institute of Chinese Studies) རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཧེ་མནཏི་ ཨདྷ་ལ་ཁ་ (Hemant Adlakha) ལགས་ཀྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་ཁུལ་ལ་མིང་བཏགས་པའི་བྱ་སྤྱོད་དེ་ནི་རྒྱལ་ཁབ་གཞན་དང་ས་མཚམས་དང་འབྲེལ་བའི་གྲོས་མོལ་སོགས་ཀྱི་སྐབས་གནོན་ཤུགས་སྤྲོད་རྒྱུ་དང་ཁེ་ཕན་ལེན་རྒྱུའི་ཕྱི་འབྲེལ་གྱི་ཐབས་བྱུས་ཤིག་ཡིན་ཡང་། ཐེངས་འདིར་རྒྱ་གར་གྱིས་མིང་གཏན་འབེབས་བྱས་པ་དེས་རྒྱ་ནག་ལ་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་ལ་མི་བདེ་བའི་ཚོར་བ་ཞིག་བསྐྲུན་ཡོད་ངེས་པས། རྒྱ་གར་གཞུང་གིས་མུ་མཐུད་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་ཐེར་འདོན་གྱིས་ཡ་ལན་སློག་པའི་ཐབས་ལམ་གསར་པ་འཚོལ་ཏེ་པེ་ཅིན་གྱི་གཡོ་སྒྱུའི་རང་བཞིན་ཕྱིར་བསྟན་དགོས་ཞེས་གསུངས་བྱུང་ལ། རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། ད་རེས་རྒྱ་གར་གྱིས་ཨ་རུ་ན་ཅལ་ལ་རྒྱ་གར་གྱི་བདག་དབང་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་ཡོད་ལ། བྱ་སྤྱོད་དེས་རྒྱ་ནག་གིས་ས་མཚམས་རྒྱ་སྐྱེད་ཀྱི་བཙན་འཛུལ་བྱ་སྤྱོད་ལ་ཐད་ཀར་རྒོལ་ལན་བསློགས་པ་ཞིག་ཆགས་ཡོད། རྒྱ་ནག་གི་ས་ཚིགས་ཁག་ཏུ་མིང་བསྒྱུར་བྱས་ཏེ་ས་ཁྲའི་དམག་འཁྲུག་སློང་བཞིན་པ་དེ་ནི། དོན་དངོས་སུ་རྒྱ་ནག་རང་ཉིད་ཀྱིས་ནམ་ཡང་དབང་བསྒྱུར་མ་མྱོང་བའི་ས་ཁུལ་ཁག་རྩོད་ལེན་བྱེད་བཞིན་ཡོད་ཅིང་། བྱ་སྤྱོད་དེས་རྒྱ་གར་གྱི་ཨ་རུ་ན་ཅལ་ཐོག་གི་བདག་དབང་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད་ཅེས་གསུང་གི་འདུག གནད་དོན་དེ་འབྲེལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་ས་མཚམས་ཐོག་ཉམས་ཞིབ་གནང་མཁན་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་ཀྱིས། ས་ཆར་མིང་བཏགས་པའི་སྲིད་བྱུས་དེ་ནི་རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ཐོག་ནས་ས་ཆའི་བདག་དབང་རྩོད་ཀྱི་ཡོད་ཅིང་། ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ཡང་བོད་དང་མོན་གྱི་འབྲེལ་བའི་ལོ་རྒྱུས་ལ་འཁྱོག་བཤད་དང་། གཞན་ཡང་ལོ་རྒྱུས་སུ་བོད་ས་གནས་སྲིད་གཞུང་ཞེས་འཁོད་པ་དེར་ས་གནས་སྲིད་གཞུང་གཅིག་པུ་བརྗོད་དེ་བདག་དབང་རྩོད་བཞིན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་གནས་ ༢༣ ལ་རྒྱ་མིའི་མིང་གསར་པ་བཏགས་པའི་གནས་ཚུལ་ཐོན་པའི་སྐབས། དེའི་སྐོར་པདྨ་མཁའ་འགྲོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། “འདི་ང་ཚོར་གནས་ཚུལ་གསར་པ་ཞིག་མ་རེད། རྒྱ་ནག་གིས་རྒྱུན་རིང་པོ་ཞིག་ནས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་བཞིན་ཡོད་རེད། འོན་ཀྱང་ང་ཚོའི་ལོ་རྒྱུས་ང་རང་ཚོ་ལ་རྒྱུས་ཡོད་པས་ང་ཚོས་དུས་ནམ་ཡང་རྒྱ་ནག་གི་འོག་བསྡད་མ་མྱོང་། ང་ཚོའི་ས་མཚམས་ནི་བོད་དང་འཁེལ་གྱི་ཡོད་རེད། འོན་ཀྱང་ད་ལྟ་བོད་འདི་རྒྱ་ནག་གི་བཙན་འོག་ལ་ཡོད། རྒྱ་ནག་གིས་ཨ་རུ་ན་ཅལ་ནང་གི་ས་ཆར་མིང་བཏགས་པ་དེ་ད་རེས་ཐེངས་ ༦ པ་རེད། དེས་ང་ཚོར་ཁྱད་པར་བཟོ་ཡི་མ་རེད་”ཅེས་གསུངས་བྱུང་།། ཁ་སྣོན་གསར་འགོད། བཀྲ་དབང་། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
13 Aug 2026, 04:25 GMT བདེ་སྐྱིད་ཀུན་སྒྲོལ།

ཨ་རིའི་མི་སེར་ཡིན་པ་ཇུ་ལིན་ལགས་ཀྱིས་བཞུགས་སྒར་དུ་གནང་བཞིན་པའི་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་འདུག་ལ། ད་ལྟའི་ཆར་ཁོང་ནི་བཞུགས་སྒར་དུ་ད་བར་ཉིན་ ༢༥ རིང་གི་ཟས་བཅད་ངོ་རྒོལ་ཁྲོད་ཀྱི་ཕྱི་རྒྱལ་མི་སེར་ཐོག་མ་དེ་རེད་འདུག ཁོང་ནི་ད་ལྟའི་ཆར་ས་རཱ་མཐོ་སློབ་ཏུ་སྐད་ཡིག་འཛིན་གྲྭའི་ནང་འགྲིམ་བཞིན་པ་དང་། རང་ལོ་ ༣༠ སོན་པ་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་ནས་ཕེབས་པ་ཞིག་རེད་འདུག རང་ལོ་ ༣༠ ཡིན་པའི་ཁེ་ལི་ཕོར་ནི་ཡ་ནས་ཡིན་པའི་ཨ་རི་བ་འཇུ་ལིཡན་གྱིས་གཞོན་ནུའི་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་གནང་བཞིན་པ། ༢༠༢༦།༠༨།༡༢ (RFA Tibetan) ཁོང་གིས་ “ངས་བོད་སྐོར་ཅུང་ཙམ་ཤེས་ཀྱི་ཡོད་པ་ནི་ངའི་དགེ་རྒན་ནི་མགོ་ལོག་ཨ་མདོ་ནས་རེད། ང་ལོ་བཞི་ཡིན་དུས་ཁོང་ཐུག་མྱོང་། བོད་ནི་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་ལ། བོད་ཀྱི་རིག་གཞུང་ནི་སྙིང་རྗེའི་གཞི་རྩ་ལྡན་པ་ཞིག་ཡིན་པས། ང་ཚོས་དེ་སྲུང་སྐྱོབ་བྱེད་ཐབས་བྱེད་དགོས། གལ་ཆེ་ཤོས་ནི་ང་འདྲ་བའི་གཞོན་སྐྱེས་ཚོས་དངོས་ཡོད་གནས་སྟངས་དང་བདེན་པ་བཤད་དགོས། བདེན་པ་ནི་ད་ཆ་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་གཏོར་དང་མི་རིགས་རྩ་མེད་བཟོ་བཞིན་ཡོད་པ་དེ་རེད། དཔེར་ན། དེ་སྔ་ངའི་རྒན་ལགས་ཀྱི་དགེ་རྒན་ཞིག་གི་མི་ཚེའི་ལོ་རྒྱུས་སྐོར་མི་ཞིག་གིས་བྲིས་པར། ད་ལྟ་མི་དེ་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད། ད་ལྟ་རྒྱ་ནག་གཞུང་གིས་བྱེད་བབ་དེ་ནི་ཡག་པོ་རྩ་བ་ནས་མིན་པས། ངས་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད། གཙོ་ཆེ་ཤོས་བོད་མི་རྣམས་སེམས་ཤུགས་མ་ཆག་པར་མུ་མཐུད་ཨཐབ་རྩོད་བྱ་དགོས། དུས་ཚོད་ནམ་ཡིན་མི་ཤེས་ཀྱང་། ངའི་མི་ཚེ་ནང་བོད་རང་དབང་ཐོབ་པར་ཡིད་ཆེས་ཡོད།” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཁོང་དང་ལྷན་ས་རཱ་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་ཀྱང་ཟས་བཅད་ངོ་རྒོལ་ནང་མཉམ་བཞུགས་གནང་འདུག རང་ལོ་ ༣༠ ཡིན་པའི་ཨ་རི་བ་འཇུ་ལིཡན་གྱིས་མཉམ་ཞུགས་གནང་འདུག ༢༠༢༦།༠༨།༡༢ (RFA Tibetan) བསྟན་འཛིན་ཚེ་དབང་ལགས་ཀྱི་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་བར་བློ་ཕམ་གསལ་སྟོན་དང་སྦྲགས། བོད་ནང་རང་ཉིད་ཀྱི་སྐད་ཡིག་རིག་གཞུང་སྦྱང་རྒྱུའི་རང་དབང་མེད་པས། བཙན་བྱོལ་ནང་དུ་བོད་པའི་གཞོན་སྐྱེས་ཙམ་མ་ཡིན་པར་རྒན་གཞོན་བར་གསུམ་ཚང་མས་བོད་ཡིག་སྦྱངས་དགོས་གལ་ཆེ་ཞིང་། བོད་པའི་མཐོ་སློབ་ཉུང་ཤས་ཤིག་ཡོད་པ་དེ་དག་ནང་སློབ་འཇུག་གནང་དགོས་གལ་ཆེ་བས་དེ་ནི་བོད་ལ་ཕུལ་ཐུབ་པའི་ལེགས་སྐྱེས་བཟང་ཤོས་ཤིག་རེད་ཅེས་གསུང་གི་འདུག་ལ། བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས། བོད་མི་ཞིག་གིས་མི་ལུས་རྩ་ཆེ་ཤོས་དེ་བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་གནང་བར་ང་ཚོས་ཆུ་ཚོད་ཁ་ཤས་ཟས་བཅད་ངོ་རྒོལ་ནང་མཉམ་ཞུགས་མི་ཐུབ་པ་མེད་པས། གཙོ་བོ་གཞོན་སྐྱེས་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་པས། སོ་སོའི་རིག་གཞུང་སྦྱང་བར་ངོ་ཚ་མེད་པའི་ཐོག་ནས་ཧུར་ཐག་སློབ་སྦྱོང་གནང་དགོས་གལ་ཆེ་བ་གསུང་གི་འདུག རྩ་བའི་འཛམ་གླིང་ས་ཕྱོགས་གང་སར་བོད་མི་རྣམ་ས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་གྱི་ལས་འགུལ་སྣ་མང་སྤེལ་བཞིན་པའི་ཁྲོད་ཕྱི་རྒྱལ་མི་སེར་མི་ཉུང་བ་ཞིག་གིས་ལས་འགུལ་འདྲ་མིན་ཐོག་ཆ་ཤས་བླང་བཞིན་འདུག་ལ། ཉེ་བའི་ཆར་ཅན་དྷི་གར་དུ་བོད་མི་ ༥༠༠ ཙམ་གྱིས་སྐད་འབོད་ལས་འགུལ་སྐབས་རྒྱ་གར་བ་ཞིག་གིས་སྐྲ་བཞར་གྱི་ལས་འགུལ་ནང་མཉམ་ཞུགས་གནང་བ་ཡང་བྱུང་འདུག བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle