US Agency for Global Media

News and Information from Around the World

Clear all
25 Aug 2026, 15:11 GMT By བདེ་སྐྱིད་ཀུན་སྒྲོལ།

རྒྱ་ནག་གི་བྱེད་བབ་དེར་བལྟས་ཚེ། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་པེ་ཅིན་དུ་འཚོགས་པའི་གྲོས་མོལ་ཐེངས་ ༢༥ དེས། ས་མཚམས་ཀྱི་དཀའ་རྙོག་ཡོངས་སུ་སེལ་ཐབས་བྲལ་བ་ཡིན་ཞེས་གནད་དོན་དབྱེ་ཞིབ་པས་གསུང་གི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། སྦརིཀསི་ (BRICS) ཞེས་པའི་ཕྱི་ཟླ་ ༩ པའི་ནང་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པའི་སྐབས་འདིར། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨཇིཏ་ཌོ་ཝལ་ (Ajit Doval) ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དབར་ ཟླ་ ༨ ཚེས་ ༢༥ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་ཐེངས་ ༢༥ དེ་འཚོགས་འདུག ་ཅིང་། ས་མཚམས་དང་འབྲེལ་བའི་གྲོས་མོལ་ཐེངས་རྗེས་མ་དེ་ཕྱི་ལོ་ ༢༠༢༧ ལོར་རྒྱ་གར་དུ་འཚོགས་རྒྱུར་མོས་མཐུན་བྱུང་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་ཕྱི་ཚེས་ ༢༥ ཉིན་གནས་ཚུལ་སྤེལ་འདུག རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨཇིཏ་ཌོ་ཝལ་ (Ajit Doval) ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དབར་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་གྲོས་མོལ་གྲུབ་མཚམས། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐོན་བཞིན་པའི་བརྙན་ཁག་གི་ནང་། ཨ་ཇིཏ་དོ་ལྦལ་ལགས་ཀྱིས་ཚོགས་འདུའི་སྐབས། འདས་པའི་ལོ་གཅིག་གི་རིང་ང་ཚོའི་འབྲེལ་བ་དལ་གྱིས་དེ་སྔ་དང་འདྲ་བའི་རྒྱུན་ལྡན་ཅན་དུ་ལོག་བཞིན་པ་དེ་ནི་ང་ཚོ་ཕྱོགས་གཉིས་ཀས་ས་མཚམས་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱས་པའི་འབྲས་བུ་ཞིག་རེད་ལ། ཐེངས་འདིའི་གྲོས་མོལ་བརྒྱུད་ང་ཚོས་ས་མཚམས་ཁུལ་དུ་ཞི་བདེ་ལྷིང་འཇགས་མུ་མཐུད་གནས་པར་འབད་བརྩོན་ཤུགས་སྣོན་གྱི་དམིགས་ཡུལ་བཟུང་བཞིན་ཡོད་ཅེས་གསུངས་འདུག་ལ། ལྦང་ཡིས་ཕྱོགས་ནས། ཉེ་བའི་ལོ་ཤས་རིང་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་ཐེངས་གཉིས་རིང་གལ་ཆེའི་ཐུག་འཕྲད་གནང་བ་དེས། རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བར་མཛུབ་སྟོན་བྱས་ཡོད་ལ། ཁོང་གཉིས་ཀྱི་ལམ་སྟོན་འོག་ང་གཉིས་དབར་གྲོས་མོལ་མང་པོ་བྱུང་ཡོད། གྲོས་མོལ་དེའི་བརྒྱུད་ས་མཚམས་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་བརྗོད་འདུག རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇིཏ་ཌོ་ཝལ་ལགས་ཀྱིས་ཨི་རཱན་གྱི་རྒྱལ་ས་ཏེ་རཱན་དུ་རྒྱལ་སྲུང་བདེ་འཇགས་ཀྱི་ཚོགས་འདུ་ཞིག་ཏུ་ཕེབས་ཞུགས་སྐབས། ༢༠༡༨།༩།༢༦ (AFP) རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་ཟླ་ ༨ ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨཇིཏ་ཌོ་ཝལ་ (Ajit Doval) ལགས་རྒྱ་ནག་ཏུ་ཕེབས་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡིས་མགྲོན་འབོད་གནང་བ་བཞིན། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐོག་རྒྱ་གར་གྱི་དམིགས་བསལ་སྐུ་ཚབ་ཨ་ཇིཏ་དོ་ལྦལ་ལགས་ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཀྱི་ཡོད་པ་བཀོད་འདུག ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་སྐོར་ཐེངས་༢༥དེ་མ་ཚོགས་སྔོན་དུ། ཨ་ཇིཏ་དོ་ལྦལ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ (Han Zheng) དང་ཐུག་འཕྲད་གནང་སྟེ། ས་མཚམས་ཁུལ་དུ་ཞི་བདེ་བརྟན་ལྷིང་དང་། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཆབ་སྲིད། འབྲེལ་ལམ་གོང་མཐོར་གཏོང་ཕྱོགས་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད་པ། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གིས་ (X) སྤྱི་ཚོགས་དྲྭ་ལམ་ཐོག་སྤེལ་འདུག་ལ། དེ་འབྲེལ་རྒྱ་གར་དུ་གནས་འཁོད་རྒྱ་ནག་གཞུང་ཚབ་ཤུ་ཕཡེ་ཧོང་ (Xu Feihong) ཀྱིས་ (X) ཐོག ཐུག་འཕྲད་དེའི་སྐབས་རྒྱ་ནག་གི་སྲིད་འཛིན་གཞོན་པས། འདས་པའི་ལོ་གཉིས་རིང་། སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་ཀ་ཛན་ (Kazan) དང་ཐེན་ཅིན་ (Tianjin) དུ་ཐུག་འཕྲད་བྱས་ཏེ་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ཐད་མོས་མཐུན་གལ་ཆེན་མང་པོ་བྱུང་བ་དང་། དེས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་ཡང་འཕེལ་རྒྱས་ཀྱི་ལམ་དུ་སྣེ་ཁྲིད་བྱས་ཡོད་པས། དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱ་ནག་དང་རྒྱ་གར་གཉིས་ཀས་ཕུགས་རྒྱང་རིང་པོའི་འབྲེལ་བར་དམིགས་ཏེ། ཕྱོགས་གཉིས་ཀྱི་དབུ་ཁྲིད་ཚོས་བཞག་པའི་གལ་ཆེའི་མོས་མཐུན་ལྟར། རྒྱལ་ཁབ་ཕན་ཚུན་དབར་ཡིད་ཆེས་ཤུགས་ཆེ་རུ་བཏང་ཐོག། མཉམ་ལས་ནུས་པ་གོང་སྤེལ་དང་མང་ཚོགས་ཀྱི་འབྲེལ་ལམ་བརྟན་པོ་བཟོ་བ། རྩོད་རྙོག་ཡོད་ས་རྣམས་ཚུལ་བཞིན་སྟངས་འཛིན་བྱེད་པ་སོགས་བྱེད་དེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་བརྟན་ལྷིང་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་ཡོད་པ་བཀོད་འདུག བོད་ཀྱི་གནད་དོན་ནི་ས་མཚམས་ཀྱི་གནད་དོན་གཞི་མ་ཡིན་སྐོར་གསུངས་པ། ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཐེངས་འདིར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་བྱེད་བཞིན་པ་དེས། གནས་སྐབས་ས་མཚམས་ཐོག་གི་དཀའ་རྙོག་ཞི་འགྲིག་ཐོག་ཤུག་གནོན་སྤྲོད་སྲིད་ཀྱང་། ཁྱོན་ཡོངས་ཀྱི་དཀའ་རྙོག་སེལ་ཐུབ་ཐབས་མེད་ཅེས་དང་། གལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་སེལ་དགོས་ཚེ། ངེས་པར་བོད་ཀྱི་གནད་དོན་གླེང་སློང་དགོས་ཤིང་བོད་ཀྱི་གནད་དོན་ལས་གཡོལ་ཐབས་བྲལ་བ་ཡིན་ལ། བོད་ཀྱི་དཀའ་རྙོག་སེལ་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཕྱོགས་གཉིས་ཀྱི་མཐོ་རིམ་དཔོན་རིགས་དབར་གྱི་གྲོས་མོལ་གྱི་གནད་དོན་དེ་དང་འབྲེལ་ཏེ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་ཤ་ཤི་ཐ་རུར་ (Shashi Tharoor) ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་གཅིག་ལ་བཀའ་མོལ་གནང་བ་ཞིག་གི་ནང་ཁོང་གིས། རྒྱ་ནག་གིས་ལོ་མང་རིང་རྒྱ་གར་ལ་ས་མཚམས་གསལ་ཁ་མེད་པའི་ས་ཁུལ་དེ་ནས་བསྟུད་མར་སུན་གཙེར་དང་དཀའ་ངལ་མང་པོ་ཞིག་སྤྲོད་བཞིན་ཡོད། ཐེངས་འདིར་ཨ་ཇིཏ་དོ་ལྦལ་ལགས་ཕེབས་ཏེ་གྲུབ་འབྲས་ཡག་པོ་ཞིག་ཐོབ་ཚེ་ང་ཚོར་དགའ་འོས་པ་ཞིག་ཡིན་ཡང་། ད་བར་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་སྐོར་ཐེངས་༢༥འཚོགས་ཟིན་པའི་བརྒྱུད། ང་ཚོས་ཡར་རྒྱས་གང་ཡང་མཐོང་མེད། མ་ཟད་ད་ལྟའི་ཆར་རྒྱ་ནག་གིས་ས་མཚམས་གནད་དོན་དེ་ནི་མ་འོངས་པའི་མི་རབས་རྣམས་ཀྱིས་ཐག་གཅོད་བྱ་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེའི་བར་ན་ཁོ་ཚོས་ས་མཚམས་ཁུལ་གྱི་དངོས་ཡོད་གནས་སྟངས་ལ་རིམ་བཞིན་བསྒྱུར་བཅོས་བྱས་ཏེ་རང་ཉིད་ཀྱི་བློ་དང་མཐུན་པ་ཞིག་གྲུབ་པའི་གནས་སྐབས་སུ། དུས་ཚོད་ངེས་མེད་ཅིག་ལ་ས་མཚམས་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ཡིན་པར་བསམ་གྱི་ཡོད་ཅེས་གསུངས་འདུག ཨ་རུ་ཅལ་གྱི་གནད་དོན་དང་རྒྱ་གར་གྱི་ས་ཁྲ་གཏན་འབེབས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་ཡོད་སྐོར་བརྗོད་དེ་ཁུལ་དེའི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱེད་པ་སོགས། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་ངལ་རིམ་པ་འཕྲད་བཞིན་པའི་སྐབས་འདིར། ཉེ་ལམ་ཟླ་ ༨ ཚེས་ ༧ ཉིན་ རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་དང་གཞུང་ལམ། མཚོ་བཅས་ཁྱོན་ ༢༧ གྱི་མིང་ཡོད་བཞིན་པ་རྣམས་གཞུང་འབྲེལ་ས་ཁྲའི་ནང་སྤྱི་ཡོངས་གཏན་འབེབས་ དང་ཁྱབ་བསྒྲགས་བྱས་པའི་ཉིན་གཅིག་གི་རྗེས་རྒྱ་ནག་གཞུང་གིས། རྒྱ་གར་གྱི་བྱ་སྤྱོད་དེས་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག་ཀྱང་། སྐབས་དེར་རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་སུས་ཀྱང་འགྱུར་བ་བཏང་མི་ཐུབ་ཅེས་ནན་བརྗོད་གནང་ཡོད་པ་རེད། གཞན་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀཱ་ཛན་དུ་ཐུག་འཕྲད་སྐབས། ཕྱོགས་གཉིས་ཀས་རྒྱ་གར་དང་རྒྱ་ནག་གཉིས་མཐུན་གྲོགས་རྒྱལ་ཁབ་ཡིན་པ་ལས་འགྲན་ཟླའི་ཁ་གཏད་མིན་པས། ཕྱོགས་ཕན་ཚུན་དབར་གྱི་ཁྱད་པར་དེ་རྩོད་གཞིར་གྱུར་མི་རུང་བའི་ཁས་ལེན་བསྐྱར་ནན་བྱས་ཡོད་ཀྱང་། ད་ཆ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་སྐོར་ཐེངས་༢༥རྗེས་སུ་ས་མཚམས་ཀྱི་དཀའ་རྙོག་ཇེ་ལེགས་སུ་འགྲོ་བའམ་ཡང་ན། དེ་སྔ་བཞིན་དེ་མུར་ལྷག་རྒྱུ་ཡིན་མིན་སུས་ཀྱང་ཤེས་རྟོགས་ཐུབ་དཀའ་བར་གྱུར་ཡོད། འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱལ་ཁབ་གཉིས་པོ་ནི་རྡུལ་ཕྲན་གོ་མཚོན་ཡོད་པའི་སྟོབས་ལྡན་གྱི་རྒྱལ་ཁབ་ཡིན་ཞིང་། འཕགས་བོད་ས་མཚམས་གཙོ་བོར་གྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་ཀི་ལོ་མི་ཊར་ ༣༨༠༠ (3800 km) ཙམ་གྱི་ས་མཚམས་འཁེལ་ཡོད་ཅིང་། ས་མཚམས་དེའི་ཆ་ཤས་མང་ཆེ་བ་ཞིག་ད་དུང་ངེས་འཛིན་བྱས་མེད་པ་མ་ཟད། རྩོད་གླེང་ཅན་གྱི་ས་མཚམས་ཆགས་ཡོད་པ་རེད།། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད། འབྲེལ་ཡོད་གནས་ཚུལ། འཕགས་བོད་ས་མཚམས་ཀྱི་ཚོང་ལམ་རྙིང་པ་གསུམ་བསྐྱར་དུ་སྒོ་མོ་ཕྱེ་པ། རྣ་ཐོས་ལར་ལོ་ ༦ རྗེས་ཚོང་ལམ་སྒོ་མོ་སླར་ཡང་ཕྱེ་འདུག རྒྱ་གར་ནང་སྲིད་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་འབྲེལ་བ་རྩ་ཆེན་ཞིག་ཡོད་སྐོར་གསུངས་པ།

Download metadata bundle
16 Aug 2026, 15:57 GMT By བདེ་སྐྱིད་ཀུན་སྒྲོལ།

རྒྱ་ནག་གིས་བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་གི་འདུག བོད་དམག་ཁུལ་ཁང་གི་འབྱུང་བ་བརྗོད་པ་ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། ཉམས་ཞིབ་པས་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། རྒྱ་ནག་རང་ཉིད་ཀྱི་དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་གནོད་ཐེབས་སྲིད་པ་ངོས་འཛིན་གནང་གི་འདུག ཉམས་ཞིབ་ཀྱི་གྲུབ་དོན་སྙན་ཐོའི་ནང་། བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་པ། (RFA Tibetan) བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་དང་ཕན་ཐོགས་ལགས། དེ་བཞིན་བློ་བཟང་བཀྲ་ཤིས་ལགས་གསུམ་ཐུན་མོང་གིས། བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ (A Historical Development of the Tibet Military District and China’s Military Infrastructure in Tibet) ཞེས། རྒྱ་ནག་གི་དམག་སྲིད་ཁྱབ་ཁོངས་ལས་བོད་དམག་ཁུལ་ཁང་གི་བྱུང་བ་དང་དེའི་དམག་སྲིད་ཀྱི་སྒྲིག་གཞིའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་དམག་ཁུལ་ཁང་བཙུགས་པའི་དགོས་དམིགས། བོད་ནང་དམག་དོན་ཆེད་འཛུགས་སྐྲུན་ཇི་ལྟར་བྱས་ཡོད་མེད་བཅས་ཀྱི་སྐོར་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། བོད་ནང་ད་ལྟའི་ཆེས་གདུག་རྩུབ་ཆེ་བའི་གནས་སྟངས་ཀྱི་འགན་ཆ་ཚང་བོད་དམག་ཁུལ་ཁང་ལ་ཡོད་ཅིང་། དེས་མ་འོངས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལའང་དོ་ཕོག་སྲིད་པའི་སེམས་ཚབས་གསལ་སྟོན་གནང་གི་འདུག དེ་ཡང་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། བོད་ནང་གི་དམག་དོན་དང་འབྲེལ་བའི་སྙན་ཐོ་དཀོན་པོ་ཞེ་དྲགས་ཡིན་དུས་ཉམས་ཞིབ་ཀྱི་སྟོང་ཆ་བསྐང་ཆེད་དང་ཞིབ་འཇུག་གི་རྨང་གཞི་གཏིང་ཆེད་དུ་ཡིན་ཞེས་དང་། གལ་ཆེ་ཤོས་ནི་རྒྱ་མིས་བོད་ལ་བཙན་འཛུལ་བྱས་པ་ཚང་མས་ཤེས་ཀྱི་ཡོད་ཀྱང་། བརྒྱབ་ཏུ་ལས་དོན་གཉེར་མཁན་གཙོ་བོ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་སྒྲིག་འཛུགས་དེ་ཡིན་པས། ཕྱི་ལོ་༡༩༥༩ ནས་བཟུང་བོད་ནང་དུ་བོད་མི་རྣམས་ཀྱི་ཞི་བའི་ལས་འགུལ་མང་དག་ཅིག་བརྩམས་ཡོད་པ་དེ་དག་ལ་གཉའ་གནོན་བྱེད་མཁན་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཡིན་དུས། བོད་ནང་གཉའ་གནོན་རབ་རིམ་བྱུང་བཞིན་པ་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ལ་མཐར་ཐུག་གི་འགན་ཡོད་པ་ཞིག་ཡིན་པ་ར་སྤྲོད་དང་ཐེར་འདོན་བྱེད་ཀྱི་ཡོད་ཅེས་གསུང་གི་འདུག བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི། དམག་དོན་ཁེ་ཕན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁར་ངོས་འཛིན་གནང་པ། (RFA Tibetan) མ་ཟད་ཁོང་གིས། མདོར་ན་བོད་དེ་རྒྱ་ནག་གིས་བཙན་འཛུལ་ཙམ་མ་ཡིན་པར་བོད་དེ་རྒྱ་ནག་གཞུང་གི་དམག་གི་སྟངས་འཛིན་འོག་ལ་གནས་བཞིན་ཡོད་པ་གསལ་སྟོན་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཁྲིམས་དང་འབྲེལ་བའི་ཐོག་ནས་བཤད་ན་དམག་གིས་སྤྱི་ཚོགས་ལ་ཐེ་བྱུས་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་ཅིང་། བོད་ནང་རྒྱ་ནག་གི་དམག་གི་རྟེན་གཞི་དང་། གནམ་ཐང་། མེ་འཁོར་ལྕགས་ལམ་སོགས་མང་པོ་འཛུགས་སྐྲུན་བྱེད་བཞིན་པ་ནི་མ་འོངས་རྒྱ་ནག་རང་ཉིད་ཀྱི་དམག་གི་ཁེ་ཕན་སྒྲུབ་ཆེད་ཡིན་པས། བོད་ནང་དམག་གི་རྟེན་གཞི་མང་པོ་བཙུགས་པ་དེས་རྒྱ་གར་གཙོས་པའི་ཨེ་ཤེ་ཡ་ནང་གི་རྒྱལ་ཁབ་མང་པོར་འཐབ་བྱུས་དང་བདེ་སྲུང་ཐོག་ནས་དོ་ཕོག་འགྲོ་སྲིད་པ་དང་ཉེན་ཁ་བཟོ་སྲིད་པས། རྒྱལ་ཁབ་གཞན་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཆེད་དུ་བྲིས་པ་ཞིག་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཡང་ཉམས་ཞིབ་པ་བློ་བཟང་བཀྲ་ཤིས་ལགས་ཀྱིས། ད་བར་བཙན་བྱོལ་ནང་བོད་དམག་ཁུལ་ཁང་དང་རྒྱ་ནག་གི་དམག་སྲིད་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་བྱས་པ་ཉུང་ཤས་ཤིག་ཡིན་པར་བརྟེན། སྙན་ཐོ་དེའི་བརྒྱུད་རྒྱ་ནག་གཞུང་ལ་དམག་སྲིད་ཀྱི་གནད་དོན་དེ་གལ་ཆེ་ལོས་ཡིན་པའི་སྐོར་གོ་རྟོགས་སྤེལ་ཆེད་དང་། ལྷག་པར་བཙན་བྱོལ་ནང་བོད་ནང་གི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྤྱིའི་ཐོག་སྙན་ཐོ་འདོན་སྤེལ་བྱེད་བཞིན་པ་སོགས། སྤྱི་ཡོངས་ཀྱིས་བོད་ནང་གི་གནས་སྟངས་ལ་འགྱུར་བ་གང་འདྲ་འགྲོ་བཞིན་ཡོད་པ་ནི་བོད་དམག་ཁུལ་ཁང་ལ་འབྲེལ་བ་ཆེ་ཤོས་ཆགས་ཀྱི་ཡོད་པ་དེ་གསལ་སྟོན་བྱེད་ཆེད་དུ་ཡིན་ཞེས་གསུང་གི་འདུག དམག་སྲིད་ཁྱབ་ཁོངས་ཀྱི་གཡུལ་འགྱེད་ས་ཁུལ་ལྔ་སྟོན་པའི་ས་ཁྲ། (RFA Tibetan) བོད་དམག་ཁུལ་ཁང་གི་བྱུང་བ་བརྗོད་པ་ཞེས་པའི་དཔེ་དེབ་ཀྱི་ཆེད་བརྗོད་དུ་ཉམས་ཞིབ་པས། བོད་ནི་རྒྱ་ནག་གི་དམག་དོན་འཐབ་བྱུས་ཀྱི་ཆ་ནས་གལ་གནད་ཅན་གྱི་ས་ཁུལ་དུ་གྱུར་ཞིང་། དེ་ལས་ཐོན་པའི་གཏེར་རྫས་དང་ནུས་ཁུངས་སོགས་ནི་རྒྱ་ནག་གཞུང་གི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས། རྒྱ་ནག་གཞུང་གིས་བོད་དུ་དམག་དོན་སྲིད་བྱུས་དང་འཛུགས་སྐྲུན་སོགས་བོད་ཀྱི་སྣོད་བཅུད་ལ་གནོད་པའི་ལས་རིགས་ཡོངས་ལ་ཉམས་ཞིབ་དང་ཐེར་འདོན་བྱ་རྒྱུ་ནི་ང་ཚོས་ལྷོད་དབྱིངས་སུ་གཏོང་མི་ཉན་པའི་འགན་འཁྲི་ཆེན་པོ་ཞིག་རེད་ཅེས་བཀོད་འདུག བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle
13 Aug 2026, 04:52 GMT By བདེ་སྐྱིད་ཀུན་སྒྲོལ།

རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་སུས་ཀྱང་འགྱུར་བ་བཏང་མི་ཐུབ་པ་ནན་བརྗོད་གནང་འདུག རྒྱ་ནག་གིས་ས་ཚིགས་ཁག་མིང་བསྒྱུར་བྱེད་པ་ནི་ས་ཁོངས་རྒྱ་སྐྱེད་ཀྱི་ཐབས་བྱུས་ཤིག་ཡིན་ཡང་། བྱ་སྤྱོད་དེས་ཨ་རུ་ན་ཅལ་ཐོག་རྒྱ་གར་གྱི་བདག་དབང་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད་ཅེས་ཉམས་ཞིབ་པས་གསུང་གི་འདུག རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་ཡོད་སྐོར་བརྗོད་དེ་ཁུལ་དེའི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱེད་བཞིན་པའི་སྐབས་འདིར། ཟླ་ ༨ ཚེས་ ༧ ཉིན་རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་དང་གཞུང་ལམ། མཚོ་བཅས་ཁྱོན་ ༢༧ གྱི་མིང་ཡོད་བཞིན་པ་རྣམས་གཞུང་འབྲེལ་ས་ཁྲའི་ནང་སྤྱི་ཡོངས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ཉིན་གཅིག་གི་རྗེས་རྒྱ་ནག་གཞུང་གིས། རྒྱ་གར་གྱི་བྱ་སྤྱོད་དེ་བརྒྱུད་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་ལམ་ཙམ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འབྱུང་སྲིད་པའི་ཉེན་བརྡ་བཏང་སྟེ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་རན་དྷིར་འཇཡེསི་ཝལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་བཀའ་མོལ་གནང་བཞིན་པ། (REUTERS) དེ་འབྲེལ་རྒྱ་གར་དབུས་གཞུང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རཱན་དྷིར་འཇཡེསི་ཝལ་ (Randhir Jaiswal) ལགས་ཀྱིས་འདི་ཚེས་ ༡༠ ཉིན་གསར་འགོད་གསལ་བསྒྲགས་སྐབས། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནི་དོན་དངོས་ཡིན་པས་དེར་གང་ཞིག་གིས་ཀྱང་འགྱུར་བ་བཏང་མི་ཐུབ་པ་ནན་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Institute of Chinese Studies) རྒྱ་ནག་གི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཧེ་མནཏི་ ཨདྷ་ལ་ཁ་ (Hemant Adlakha) ལགས་ཀྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་ཁུལ་ལ་མིང་བཏགས་པའི་བྱ་སྤྱོད་དེ་ནི་རྒྱལ་ཁབ་གཞན་དང་ས་མཚམས་དང་འབྲེལ་བའི་གྲོས་མོལ་སོགས་ཀྱི་སྐབས་གནོན་ཤུགས་སྤྲོད་རྒྱུ་དང་ཁེ་ཕན་ལེན་རྒྱུའི་ཕྱི་འབྲེལ་གྱི་ཐབས་བྱུས་ཤིག་ཡིན་ཡང་། ཐེངས་འདིར་རྒྱ་གར་གྱིས་མིང་གཏན་འབེབས་བྱས་པ་དེས་རྒྱ་ནག་ལ་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་ལ་མི་བདེ་བའི་ཚོར་བ་ཞིག་བསྐྲུན་ཡོད་ངེས་པས། རྒྱ་གར་གཞུང་གིས་མུ་མཐུད་རྒྱ་ནག་གི་བྱ་སྤྱོད་དེ་དག་ལ་ཐེར་འདོན་གྱིས་ཡ་ལན་སློག་པའི་ཐབས་ལམ་གསར་པ་འཚོལ་ཏེ་པེ་ཅིན་གྱི་གཡོ་སྒྱུའི་རང་བཞིན་ཕྱིར་བསྟན་དགོས་ཞེས་གསུངས་བྱུང་ལ། རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། ད་རེས་རྒྱ་གར་གྱིས་ཨ་རུ་ན་ཅལ་ལ་རྒྱ་གར་གྱི་བདག་དབང་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་ཡོད་ལ། བྱ་སྤྱོད་དེས་རྒྱ་ནག་གིས་ས་མཚམས་རྒྱ་སྐྱེད་ཀྱི་བཙན་འཛུལ་བྱ་སྤྱོད་ལ་ཐད་ཀར་རྒོལ་ལན་བསློགས་པ་ཞིག་ཆགས་ཡོད། རྒྱ་ནག་གི་ས་ཚིགས་ཁག་ཏུ་མིང་བསྒྱུར་བྱས་ཏེ་ས་ཁྲའི་དམག་འཁྲུག་སློང་བཞིན་པ་དེ་ནི། དོན་དངོས་སུ་རྒྱ་ནག་རང་ཉིད་ཀྱིས་ནམ་ཡང་དབང་བསྒྱུར་མ་མྱོང་བའི་ས་ཁུལ་ཁག་རྩོད་ལེན་བྱེད་བཞིན་ཡོད་ཅིང་། བྱ་སྤྱོད་དེས་རྒྱ་གར་གྱི་ཨ་རུ་ན་ཅལ་ཐོག་གི་བདག་དབང་ལ་ནམ་ཡང་འགྱུར་བ་གཏོང་མི་སྲིད་ཅེས་གསུང་གི་འདུག གནད་དོན་དེ་འབྲེལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་ས་མཚམས་ཐོག་ཉམས་ཞིབ་གནང་མཁན་བྱེ་གཞོང་ཚེ་དབང་རྡོ་རྗེ་ལགས་ཀྱིས། ས་ཆར་མིང་བཏགས་པའི་སྲིད་བྱུས་དེ་ནི་རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ཐོག་ནས་ས་ཆའི་བདག་དབང་རྩོད་ཀྱི་ཡོད་ཅིང་། ལོ་རྒྱུས་འཁྱོག་བཤད་བྱས་པ་དེ་ཡང་བོད་དང་མོན་གྱི་འབྲེལ་བའི་ལོ་རྒྱུས་ལ་འཁྱོག་བཤད་དང་། གཞན་ཡང་ལོ་རྒྱུས་སུ་བོད་ས་གནས་སྲིད་གཞུང་ཞེས་འཁོད་པ་དེར་ས་གནས་སྲིད་གཞུང་གཅིག་པུ་བརྗོད་དེ་བདག་དབང་རྩོད་བཞིན་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་གནས་ ༢༣ ལ་རྒྱ་མིའི་མིང་གསར་པ་བཏགས་པའི་གནས་ཚུལ་ཐོན་པའི་སྐབས། དེའི་སྐོར་པདྨ་མཁའ་འགྲོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། “འདི་ང་ཚོར་གནས་ཚུལ་གསར་པ་ཞིག་མ་རེད། རྒྱ་ནག་གིས་རྒྱུན་རིང་པོ་ཞིག་ནས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་བཞིན་ཡོད་རེད། འོན་ཀྱང་ང་ཚོའི་ལོ་རྒྱུས་ང་རང་ཚོ་ལ་རྒྱུས་ཡོད་པས་ང་ཚོས་དུས་ནམ་ཡང་རྒྱ་ནག་གི་འོག་བསྡད་མ་མྱོང་། ང་ཚོའི་ས་མཚམས་ནི་བོད་དང་འཁེལ་གྱི་ཡོད་རེད། འོན་ཀྱང་ད་ལྟ་བོད་འདི་རྒྱ་ནག་གི་བཙན་འོག་ལ་ཡོད། རྒྱ་ནག་གིས་ཨ་རུ་ན་ཅལ་ནང་གི་ས་ཆར་མིང་བཏགས་པ་དེ་ད་རེས་ཐེངས་ ༦ པ་རེད། དེས་ང་ཚོར་ཁྱད་པར་བཟོ་ཡི་མ་རེད་”ཅེས་གསུངས་བྱུང་།། ཁ་སྣོན་གསར་འགོད། བཀྲ་དབང་། བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Download metadata bundle