US Agency for Global Media

News and Information from Around the World

← Back to Direct feed
Download metadata bundle

བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་འདམ་རུད་དང་ཆུ་ལོག་ཚབས་ཆེན་བྱུང་འདུག

26 Aug 2026, 16:15 GMT By སྒྲོལ་དཀར།
བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ་འདམ་རུད་དང་ཆུ་ལོག་ཚབས་ཆེན་བྱུང་འདུག
༢༠༢༦ ལོའི་ཟླ་ ༨ ཚེས་ ༢༦ ཉིན་བོད་ཀྱི་སྐྱིད་གྲོང་ཁུལ་དུ་འདམ་རུད་དང་ཆུ་རུད་ཚབས་ཆེན་བྱུང་སྐབས་ཀྱི་སྐྱིད་གྲོག་འགག་སྒོ
Credit: སྒྲོལ་དཀར།

སྐྱིད་གྲོང་དང་བལ་ཡུལ་ས་མཚམས་སུ་འདམ་རུད་དང་ཆུ་རུད་ཚབས་ཆེན་བྱུང་ནས་ཉུང་མཐར་མི་ ༣ རྐྱེན་འདས་སོང་པ་དང་མི་ ༢༦༥ ལྷག་གར་སོང་ཆ་མེད་དུ་སོང་འདུག་ཅིང་། བལ་ཡུལ་ར་སུ་བའི་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་གཅིག་ཆུས་འཁྱེར་པ་དང་ཁང་པ་ ༡༡ ལ་གནོད་འཚེ་ཕོག་འདུག་ལ། བོད་མི་མང་པོ་ཞིག་ལ་འབྲེལ་བ་བྱེད་མ་ཐུབ་པར་ལུས་འདུག ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ར་སུ་བ་ས་ཁུལ་གྱི་ས་མཚམས་རྒྱུད་དུ་འདམ་རུད་དང་གློ་བུར་ཆུ་རུད་ཚབས་ཆེན་བྱུང་སྟེ། ཁང་པ་དང་གཞུང་ལམ། ཟམ་པ། གློག་ཤུགས་ལས་གཞི་སོགས་གཏོར་བཤིག་ཚབས་ཆེན་བྱུང་འདུག བལ་ཡུལ་ཕྱོགས་སུ་ཤི་རྐྱེན་ཚབས་ཆེན་བྱུང་ཞིང་། ད་ལྟ་བར་མི་ ༩༥ འདས་གྲོངས་སུ་སོང་བ་དང་། ཡུལ་སྐོར་བ་དང་གནས་མཇལ་བ་བརྒྱ་ཕྲག་མང་པོ་ད་དུང་འབྲེལ་བ་བྱེད་མི་ཐུབ་པར་ལུས་འདུག་ལ། ཤི་རྨས་དང་གར་སོང་ཆ་མེད་ཀྱི་གྲངས་ཐོ་མུ་མཐུད་ཕར་བཞིན་ཡོད་པ་རོའི་ཊརསི་གསར་སྤེལ་ཁང་གིས་གནས་ཚུལ་ནང་བཀོད་འདུག བལ་ཡུལ་ར་སུ་བའི་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་གཅིག་ཆུས་འཁྱེར་པ་དང་ཁང་པ་ ༡༡ ལ་གནོད་འཚེ་ཕོག་འདུག ས་མཚམས་ཉེ་འགྲམ་གྱི་ཊི་མུ་རེ་(Timure) ས་ཁུལ་དུ་བོད་རིགས་དུད་ཚང་ལྔའི་ཁང་པ་དང་རྒྱུ་ནོར་ཆུས་འཁྱེར་བ་དང་། དུད་ཚང་གཉིས་ཀྱི་བོད་མི་ཁག་ཅིག་དང་ད་དུང་འབྲེལ་བ་ཐུབ་མེད་པར་གནས་ཡོད་འདུག་ལ། དུད་ཚང་གཞན་གསུམ་གྱི་མི་རྣམས་ཉེ་འགྲམ་གྱི་རི་སྒང་དུ་བྲོས་ཏེ་སྲོག་ཉེན་ལས་ཐར་ཡོད་པའི་སྐོར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་གསལ་བཤད་གནང་པ་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་ཐོབ་བྱུང་པའི་ནང་གསལ་འདུག ༢༠༢༦ ལོའི་ཟླ་ ༨ ཚེས་ ༢༦ ཉིན་བོད་ཀྱི་སྐྱིད་གྲོང་ཁུལ་དུ་འདམ་རུད་དང་ཆུ་རུད་ཀྱི་གནོད་འཚེ་བྱུང་སྐབས། (མི་སེར་གྱི་འདྲ་པར།) དེ་བཞིན་ར་སུ་བའི་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཁང་པ་ ༡༡ དང་ཉེ་འཁོར་གྱི་ས་ཁུལ་ཆུས་བསྣུབས་ཏེ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་དང་། གཞིས་ཆགས་དེའི་མི་ཁག་ཅིག་གི་གནས་སྟངས་ད་དུང་ཁ་གསལ་མེད་པར་གནས་འདུག ཤབ་རུ་ཁྲོམ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཤིག་ཆུས་འཁྱེར་ཡོད་པའང་ངོ་ཤེས་མི་སྣས་བརྗོད་ཡོད་པ་དང་། བལ་ཡུལ་ཕྱོགས་སུ་ད་བར་མི་ ༦༩ ཡི་ཕུང་པོ་རྙེད་འདུག་ལ། ད་དུང་མི་མང་པོ་གར་སོང་ཆ་མེད་དུ་གྱུར་པ་དང་། ཐད་འཕུར་གནམ་གྲུ་བརྒྱུད་མི་ ༢༥༠ ལྷག་ཉེན་སྐྱོབ་བྱས་ཡོད་འདུག སྐྱིད་གྲོང་རྫོང་སྲིད་གཞུང་གི་ལས་བྱེད་པས། གནོད་འཚེ་ཕོག་པའི་མི་སྣའི་ནང་མིར་སེམས་གསོ་བྱེད་ཀྱི་ཡོད་ཟེར། སྐྱིད་གྲོང་འགག་སྒོ་ནི་བོད་དང་བལ་ཡུལ་གྱི་ས་མཚམས་སུ་གནས་ཤིང་། བོད་ནས་བལ་ཡུལ་དུ་སྐྱོད་པའི་སྐམ་སའི་ལམ་གལ་ཆེ་ཞིག་ཆགས་ཡོད། གནོད་འཚེ་བྱུང་པའི་སྐབས་སུ། ས་གནས་ཀྱི་གྲོང་མི་ཕུད། ད་དུང་འགག་སྒོའི་ལས་བྱེད་མི་སྣ་དང་། དོས་པོ་སྐྱེལ་མཁན། ཨར་ལས་བྱེད་མཁན། ཚོང་པ། དེ་བཞིན་ཕྱི་རྒྱལ་ཡུལ་སྐོར་བ་བཅས་ཡོད། ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་འདི་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བསྒྲགས་བྱས་མེད། རྒྱ་ནག་ཕྱོགས་ནས་མེ་གསོད་རུ་ཁག་དང་། ཨར་ལས་མྱུར་སྐྱོབ། དམག་དཔུང་བཅས་ཀྱི་སྟོབས་ཤུགས་གནོད་འཚེ་ཕོག་ཡུལ་དུ་མངགས་གཏོང་བྱས་ནས་འཚོལ་ཞིབ་དང་མྱུར་སྐྱོབ་ཀྱི་ལས་དོན་ནང་མཉམ་ཞུགས་བྱས་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་ཚན་པའི་གསར་འགོད་པས་ཚེས་ ༢༧ གྱི་ཕྱི་དྲོའི་ཆུ་ཚོད་༢ དང་སྐར་མ་༣༠ ཐོག་ སྐྱིད་གྲོང་རྫོང་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང་ལ་ཁ་པར་བཏང་སྐབས། ཁ་པར་ལེན་མཁན་བོད་རིགས་ལས་བྱེད་ཅིག་གིས། རྫོང་སྲིད་གཞུང་གི་གཞུང་ལས་ཁང་ནས་གནོད་འཚེ་ཕོག་ཡུལ་གྱི་གནས་ཚུལ་ཐད་ཀར་ཤེས་རྟོགས་མེད། མིག་སྔའི་ཆར་ཤེས་རྟོགས་བྱུང་པའི་གནས་ཚུལ་བྱུང་ཁུངས་གཙོ་བོ་འདི་མདུན་ཕྱོགས་ཀྱི་བཀོད་འདོམས་ཁང་ནས་ཡིན་པ་མ་ཟད། ད་དུང་གནས་ཚུལ་ཚང་མ་གཅིག་གྱུར་ཐོག་ནས་རྒྱ་ཁྱབ་ཏུ་སྤེལ་བའི་གནས་ཚུལ་གཞི་བཟུང་བྱ་དགོས་ཀྱི་ཡོད་པ་བརྗོད་བྱུང་། གསར་འགོད་པ། ད་ལྟ་གནོད་འཚེ་ཕོག་པའི་སྐོར་གྱི་གནས་ཚུལ་གསར་པ་གང་ཡོད་དམ། ལས་བྱེད། ད་ལྟའི་ཆར་གནས་ཚུལ་གསར་པ་ནི་དེ་རིང་ཞོགས་པར་གསལ་བསྒྲགས་བྱས་པ་དེ་རེད། གང་ཡིན་ཞེ་ན། ང་ཚོའི་འདི་ནས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མ་རེད། ཚང་མ་མདུན་ཕྱོགས་ཀྱི་བཀོད་འདོམས་ཁང་ནས་གཅིག་གྱུར་ངང་སྤེལ་བའི་གནས་ཚུལ་ལ་གཞི་བཞག་དགོས་ཀྱི་ཡོད། གསར་འགོད་པ། གོ་ཐོས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཀྲང་གོ་ཆིང་ས་གནས་སུ་འབྱོར་ཟིན་ཡོད་ས་རེད། ལས་བྱེད། ད་ལྟ་རྫོང་གྲོང་ལ་འབྱོར་མི་འདུག མགྱོགས་པོ་འབྱོར་གྱི་ཡོད་ས་རེད། རྫོང་གྲོང་ནས་གནོད་འཚེ་ཕོག་ཡུལ་ས་གནས་བར་ད་དུང་ཆུ་ཚོད་གཉིས་ཙམ་འགོར་གྱི་རེད། ཆུ་ཚོད་གཉིས་ཟིན་མ་ཟིན་གྱི་ལམ་ཐག་རེད། གསར་འགོད་པ། ད་ལྟ་སྐྱིད་གྲོང་འགག་སྒོར་གནོད་འཚེ་ཕོག་ཚད་ཀྱི་གནས་སྟངས་གང་འདྲ་ཡིན་ནམ། ལས་བྱེད། དེ་གསལ་པོ་ཤེས་མ་སོང་། གང་ཡིན་ཞེ་ན། ང་ཚོ་ད་ལྟ་ས་གནས་རང་ལ་སླེབས་མེད། ང་ཚོས་ཀྱང་གཞུང་ཕྱོགས་ཀྱི་གནས་ཚུལ་ལ་ལྟ་བཞིན་ཡོད། དེ་རིང་གི་གནས་ཚུལ་ཡོངས་རྫོགས་གཞུང་ཕྱོགས་ནས་སྤེལ་བའི་གནས་ཚུལ་ལ་གཞི་འཛིན་གྱི་ཡོད། གསར་འགོད་པ། རྫོང་ནང་ད་ལྟ་ལས་ཀ་གཙོ་བོ་གང་བྱེད་ཀྱི་ཡོད་དམ། ལས་བྱེད། གཙོ་བོ་གནོད་འཚེ་ཕོག་པའི་ནང་མི་ཚོར་སེམས་གསོ་བྱེད་རྒྱུ་དེ་རེད། གསར་འགོད་པ། གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་ནང་མི་མང་ཆེ་བ་བོད་རིགས་རེད་དམ། ལས་བྱེད། བོད་རིགས་ཀྱང་ཡོད། རྒྱ་རིགས་ཀྱང་ཡོད། ཧ་ལམ་འདྲ་པོ་རེད། གཉིས་ཀ་ཡོད་རེད། བལ་བོད་ས་མཚམས་སུ་གནོད་འཚེ། བལ་ཡུལ་ཡུལ་སྐོར་ལས་ཁུངས་ཀྱིས་ཐོག་མའི་གནས་ཚུལ་ནང་། ས་ཁུལ་དེར་སྐྱོད་མཁན་ཡུལ་སྐོར་བ་ ༣༨༤ ཡོད་པ་དེ་དག་དང་འབྲེལ་བ་ཆད་པ་དང་། དེའི་ནང་ཕྱི་རྒྱལ་བ་ ༢༩༡ ཚུད་ཡོད་ཅིང་། དེའི་ཁོངས་རྒྱ་གར་དང་། ཨ་རི། དབྱིན་ཡུལ། ཨོསི་ཊརེ་ལི་ཡ་སོགས་རྒྱལ་ཁབ་མང་པོའི་མི་སྣ་འདུག་ལ། ཁག་ཅིག་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་དུ་སྐྱོད་མཁན་ཡིན་འདུག ཡང་བོད་ཀྱི་སྐྱིད་གྲོང་ཕྱོགས་སུ་ཡང་གནོད་འཚེ་ཚབས་ཆེན་བྱུང་བ་དང་། ཐོག་མའི་གྲངས་ཐོ་ལྟར་ན། མི་༣ འདས་གྲོངས་དང་། མི་༢༦༥ གར་སོང་ཆ་མེད་དུ་སོང་ཡོད་ཅིང་། གྲངས་ཐོ་འདི་ད་དུང་མཐའ་མའི་གཏན་འཁེལ་བྱས་པ་མིན་སྐོར་བརྗོད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་ཕྱོགས་སུ་སྐྱོད་སའི་ལམ་དང་། འཕྲིན་གཏོང་། གློག་ཤུགས་བཅས་ཆད་ཡོད་པས། ས་གནས་མི་མང་པོའི་གནས་སྟངས་ད་དུང་ཁ་གསལ་མེད་པར་གྱུར་འདུག ས་གནས་མིས་བརྗོད་པར། སྐྱིད་གྲོང་དང་ས་མཚམས་ཁུལ་དུ་དེའི་སྔོན་ལ་ས་རུད་དང་ཆུ་རུད། འདམ་རུད་བྱུང་མྱོང་ཡོད་ཀྱང་། ད་རེས་ཀྱི་གནོད་འཚེ་འདི་དེ་སྔོན་དང་བསྡུར་ན་ཚབས་ཆེ་ཤོས་ཤིག་ཡིན་པ་བརྗོད་འདུག བོད་ཀྱི་སྐྲིད་གྲོང་ཁུལ་དུ་འདམ་རུད་དང་ཆུ་རུད་ཀྱི་གནོད་འཚེ་བྱུང་སྐབས། (Xinhua) ད་ལྟ་གནོད་འཚེ་འདིའི་རྒྱུ་རྐྱེན་ཁ་གསལ་བརྗོད་མེད་རུང་། བལ་ཡུལ་གྱི་གནོད་འཚེ་དོ་དམ་ལས་ཁུངས་ཀྱིས་འཁོར་སྐར་པར་རིས་ལ་དཔྱད་ཞིབ་བྱས་པར། གངས་དང་རྡོ་རི་ཉིལ་ཏེ་(སྒྲ་སྒྱུར་ - ལྷན་སྡེ་ Lhende) ཆུ་བོར་ཟགས་པ་ལས་འདམ་དང་རྡོ་འདྲེས་པའི་ཆུ་རུད་ཚབས་ཆེན་བྱུང་བའི་ཚོད་དཔག་བྱས་འདུག དེ་མིན་གནོད་འཚེ་མ་བྱུང་གོང་བལ་ཡུལ་གྱི་ཀོ་ཌ་རིའི་བྱང་ནུབ་ཏུ་རྒྱང་ཐག་ཀི་ལོ་མི་ཊར་ ༧༧ སར་ས་ཡོམ་འགུལ་ཚད་ ༤.༤ ཙམ་ཞིག་བྱུང་ཡོད་པ་ཨ་རིའི་ས་གཞི་དཔྱད་རིག་སྡེ་ཚན་གྱིས་ཟིན་ཐོར་བཀོད་འདུག འོན་ཀྱང་ས་ཡོམ་དེ་དང་གནོད་འཚེའི་བར་ཐད་ཀར་འབྲེལ་བ་ཡོད་མེད་དང་བོད་ནང་ཆུ་རགས་སོགས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་ས་ཚིགས་ཁག་དང་འབྲེལ་བ་ཡོད་མེད་ར་སྤྲོད་ཐུབ་ཀྱི་མི་འདུག་པས། མུ་མཐུད་རྩད་གཅོད་ཞུ་མུས་ཡིན། དེ་བཞིན་ས་ཁམས་དང་ཁོར་ཡུག་ཆེད་མཁས་པས། ཆུ་བོའི་གོང་རྒྱུད་དུ་ད་དུང་གངས་རྡོ་དང་འདམ་གྱིས་ཆུ་ལམ་བཀག་ཡོད་སྲིད་པས། ཆུ་རུད་ཐེངས་གཉིས་པ་བྱུང་སྲིད་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། བལ་ཡུལ་གྱི་གནོད་འཚེ་ཕོག་ཡུལ་ཁག་ཅིག་ཏུ་ཆུའི་ཚད་གཞི་མཐོ་བས་མྱུར་སྐྱོབ་གནམ་གྲུ་ཡང་འབབ་མ་ཐུབ་པའི་གནས་སྟངས་བྱུང་འདུག གནོད་འཚེ་འདི་ནི་སྐྱིད་གྲོང་དང་བལ་ཡུལ་བར་གྱི་ཚོང་ལམ་དང་གནས་མཇལ་གྱི་ལམ་ཁ་གལ་ཆེན་ཞིག་ཏུ་བྱུང་ཡོད་པས། མི་ཤི་རྨས་ཀྱི་གྲངས་ཐོ་དང། བོད་དང་བལ་ཡུལ་བར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཚོང་འབྲེལ། གངས་རིན་པོ་ཆེའི་གནས་མཇལ་བཅས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཕོག་སྲིད་པ་རེད། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནང་གཞུང་གིས་མྱུར་སྐྱོབ་མི་སྣ་དང་དཔོན་རིགས་ཀྱི་བཀོད་ཁབྱ་སོགས་གཙོ་བོ་བྱས་ཏེ་གནས་ཚུལ་སྤེལ་བ་ལས། སྤྱི་ཚོགས་དྲ་ལམ་ཐོག་འབྲེལ་ཡོད་ཀྱི་གནས་ཚུལ་བཞག་པ་མང་པོ་མེད་པ་བཟོས་ཤིང་། གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་མྱུར་སྐྱོབ་ཀྱི་གནས་ཚུལ་གཙོ་བོ་བྱས་ཏེ་སྤེལ་བཞིན་ཡོད་འདུག ཆུ་ལོག་དང་འདམ་རུད་ཀྱི་འབྱུང་རྐྱེན་ཐད་དབྱེ་ཞིབ། ཡོ་རོབ་ནེ་དྷར་ལེནཌི་ཡི་ Utrecht གཙུག་ལག་སློབ་ཆེན་གྱི་ས་ཁམས་དངོས་ཀྱི་ཉམས་ཞིབ་སྡེ་ཚན་ནང་འབུམ་རམས་པའི་ཉམས་ཞིབ་སློབ་གཉེར་གནང་བཞིན་ཡོད་པ་དང་དེ་སྔ་ལོ་བརྒྱད་རིང་བལ་ཡུལ་ནང་དུ་ཧི་མ་ལ་ཡའི་གངས་དང་འཁྱགས་རོམ་གྱི་ཁོར་ཡུག་ལ་ཉམས་ཞིབ་དང་། ས་གནས་སུ་དངོས་སུ་ཚད་འཇལ་དང་རྟོག་ཞིབ། གྲངས་ཐོག་དཔེ་དབྱིབས་བཟོ་བའི་ཕྱག་ལས་གནང་མྱོང་བ་ཤར་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་གསལ་བཤད་གནང་པར་གཞིགས་ན། རྟགས་མཚན་ཁག་ཏུ་བྲག་དང་འཁྱགས་རྡོ་ཆེན་པོ་དེ་འདྲ་ཉིལ་བ་ཞིག་བསྟན་གྱི་ཡོད་དུས། འཁྱགས་རྡོ་ཆེན་པོ་ཉིལ་བའི་གངས་རུད་ཅེས་ཟབ་ནན་གྱིས་ཚིག་འདི་སྤྱོད་རྒྱུའི་གདམ་ཁ་བྱེད་རྒྱུ་ལས། ཞིབ་འཇུག་ཡག་པོ་ཞིག་མ་བྱུང་གི་བར་དུ་འཁྱགས་རོམ་ཉིལ་བ་ཞེས་འབོད་འདོད་མི་འདུག་ཅེས་དང་། འདི་ནས་ག་རེ་གསལ་པོ་ཆགས་ཀྱི་འདུག་ཟེར་ན། འདི་ནི་རྒྱུན་ལྡན་གྱི་གཙང་པོར་ཆུ་ལོག་རྒྱུག་པ་གཅིག་པུ་མིན་པར་བྲག་རྡོ་དང་འཁྱགས་པ་ཉིལ་ཏེ་ཆུ་རྒྱུན་དུ་ཟགས་ཏེ་ཚད་ལས་བརྒལ་བའི་ཆུས་འདེད་པའི་ས་དང་རྡོ་མང་པོ་ཞིག་ཡུལ་གཤོངས་སུ་འཁྱེར་ཡོད་བ་འདི་གསལ་པོ་མངོན་རྒྱུ་ཡོད་ཅེས་འགྲེལ་བཤད་གནང་བྱུང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཐུགས་གསོ་གནང་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་དང་བལ་ཡུལ་ས་མཚམས་སུ་གློ་བུར་ཆུ་ལོག་དང་འདམ་རུད་ཀྱི་གནོད་འཚེ་བྱུང་བར་བློ་ཕམ་ཆེན་པོ་བྱུང་ཞེས་དང་། བོད་ཀྱི་གཞིས་རྩེ་གྲོང་ཁྱེར་ཁོངས་ཀྱི་སྐྱིད་གྲོང་དང་བལ་ཡུལ་ནང་མི་ཤི་རྨས་དང་གནོད་འཚེ་ཚབས་ཆེན་བྱུང་བ་མ་ཟད། ད་དུང་མི་བརྒྱ་ཕྲག་ཁ་ཤས་ག་སོང་ཆ་མེད་དུ་སོང་བའི་གནས་ཚུལ་དེ་ནི་ཡིད་སྐྱོ་དགོས་པ་ཞིག་རེད་ཅེས་གསུངས་འདུག་ལ། ཁོང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚབ་ཞུས་ཏེ། འདས་གྲོངས་སུ་སོང་བའི་ནང་མི་དང་། དེ་བཞིན་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་སེམས་གསོ་དང་། གར་སོང་ཆ་མེད་དུ་གྱུར་པ་རྣམས་བདེ་འཇགས་ཡོང་བར་སྨོན་ལམ་ཞུས་གནང་འདུག ཚེས་ ༢༧ ཉིན་བལ་ཡུལ་གྱི་དམག་མིས་མྱུར་སྐྱོབ་བྱེད་བཞིན་པ། (NEPALI ARMY/via REUTERS) ཚེས་ ༢༧ ཉིན་གྱི་ཁ་སྣོན་གནས་ཚུལ། བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ར་སུ་བ་ས་མཚམས་ཁུལ་དུ་ཟླ་༨ ཚེས་༢༦ ཉིན་བྱུང་བའི་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་ནས་ཤི་རྨས་དང་གར་སོང་ཆ་མེད་ཀྱི་གྲངས་འབོར་མུ་མཐུད་འཕར་བཞིན་འདུག ཚེས་༢༧ ཉིན་བལ་ཡུལ་ཕྱོགས་སུ་ད་བར་མི་༡༥༧ ལྷག་འདས་གྲོངས་སུ་སོང་ཡོད་པ་དང་། མི་༨༢༦ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ནང་ཉུང་མཐར་མི་༣༤༠ ཙམ་ཞིག་ཕྱི་རྒྱལ་མི་སྣ་རེད་འདུག ཉེན་སྐྱོབ་རུ་ཁག་གིས་མུ་མཐུད་མི་སྣ་འཚོལ་ཞིབ་བྱེད་བཞིན་པས། ཤི་རྨས་དང་གར་སོང་ཆ་མེད་ཀྱི་གྲངས་འབོར་མུ་མཐུད་འཕར་སྲིད་པ་རོའི་ཊརསི་གསར་ཁང་གིས་བརྗོད་འདུག ཡང་བོད་ཀྱི་སྐྱིད་གྲོང་ཕྱོགས་སུ་གནོད་འཚེ་ཚབས་ཆེན་བྱུང་པའི་ཁྲོད་ནས་མི་༣ འདས་གྲོངས་སུ་སོང་ཡོད་པ་དང་། མི་༥༥༨ གར་སོང་ཆ་མེད་དུ་གྱུར་བའི་ནང་༢༦༠ ཕྱི་རྒྱལ་གྱི་མི་སྣ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བརྗོད་འདུག བོད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༥ ལོར་བོད་ཀྱི་དིང་རི་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་བོད་ཀྱི་ས་ཕྱོགས་གང་ས་ནས་མི་སྒེར་གྱི་མྱུར་སྐྱོབ་ལས་དོན་དང་དང་བླངས་ཞབས་ཞུ་གྲུབ་མཁན་ཧ་ཅང་མང་པོ་བྱུང་ཡོད། འོན་ཀྱང་ད་རེས་སྐྱིད་གྲོང་དུ་འདམ་རྡོ་ཆུ་རུད་ཀྱི་བར་ཆད་ཡོང་སྐབས་བོད་མི་སྒེར་མང་པོས་དང་བླངས་མྱུར་སྐྱོར་ལ་སྐྱོད་འདོད་ཧ་ཅང་ཆེན་པོ་བྱུང་ན་ཡང་གཞུང་ཕྱོགས་ནས་སྐྱོད་མི་ཆོག་པ་དང་གལ་ཏེ་སྐྱོད་མཁན་ཡིན་ཚེ། སྙན་ཞུ་ཕུལ་དགོས་པ་བརྗོད་ནས་གཏོང་གི་མི་འདུག་པས། དགོན་པ་ཁག་ལ་སྨོན་ལམ་འདེབས་རྒྱུ་ལས་བྱ་ཐབས་མི་འདུག་ཅེས་བརྗོད་མཁན་བྱུང་། གཞུང་ཕྱོགས་ནས་ཚེས་ ༢༦ ཉིན་སྐྱིད་གྲོང་དུ་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་པའི་རྗེས་མྱུར་སྐྱོབ་ལས་དོན་གྱི་མོ་ཌ་དང་མི་སྣ་ཕུད་པའི་དེ་མིན་མོ་ཌ་དང་མི་སྣ་སྐྱིད་གྲོང་ཁུལ་དུ་ཉིན་བདུན་རིང་སྐྱོད་མི་ཆོག་པའི་བཀག་སྡོམ་བྱས་འདུག གནོད་འཚེའི་ཁྲོད་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ལའང་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཚེས་ ༢༧ ཉིན་གསུངས་པར། ར་སུ་བ་དགེ་རྒྱས་གླིང་གཞིས་ཆགས་ཀྱི་ཁྱིམ་ཚང་༡༡ ཆ་ཚང་ཆུས་བསྣུབས་པ་དང་། རྒན་རྒོན་གཉིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ལ། ཤབ་རུ་ཁྲོམ་དུ་བོད་མི་གཅིག་འདས་གྲོངས་དང་གསུམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཏི་མུ་རེ་ས་ཁུལ་དུ་བོད་མིའི་ཁྱིམ་ཚང་གཉིས་ཀྱི་མི་དྲུག་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། ཚེས་ ༢༧ ཉིན་སྔ་དྲོ་བོད་མི་དྲུག་བལ་ཡུལ་གཞུང་གིས་ཉེན་སྐྱོབ་ཐུབ་ཡོད་པའི་གནས་ཚུལ་ཐོན་སྐོར་ཡང་གསུངས་འདུག བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་ས་མཚམས་སུ་གནོད་འཚེའི་རྐྱེན་པས་འདས་གྲོངས་སུ་སོང་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད། བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་འཚོགས་གནང་འདུག གཞན་ཡང་ཚེས་༢༧ ཉིན་རྒྱ་ནག་གི་སྲིད་བློན་ལི་བྱང་སྐྱིད་གྲོང་གི་གནོད་འཚེ་ཕོག་ཡུལ་དུ་སླེབས་ཏེ་གནོད་འཚེའི་གནས་སྟངས་ལ་རྟོག་ཞིབ་བྱས་པ་བརྗོད་འདུག ཁ་སྣོན། སྲིད་སྐྱོང་གི་ཐུགས་གསོ་གནང་པ་ཁ་སྣོན་ཞུས། ༢༠༢༦།༠༨།༢༦ ཕྱེད་ཡོལ་ཆུ་ཚོད་ ༣།༤༠ ཁ་སྣོན། ཚེས་ ༢༧ ཉིན་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་ཕྱོགས་ཀྱི་གནས་ཚུལ་དང་། ཁྱད་ལས་པའི་དབྱེ་ཞིབ། སྐྱིད་གྲོང་རྫོང་གི་ལས་བྱེད་ལ་བཀའ་དྲི་ཞུས་པ་བཅས་ཁ་སྣོན་ཞུས། ཁ་སྣོན་གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། སྒྲོལ་དཀར། བཀྲ་དབང་། བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།